ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི“ཆེས་མཛེས་པའི”སྲུང་སྐྱོང་བ།

སྤེལ་དུས 2024-04-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ4པའི་ཚེས22ཉིན་གྱི་སྔ་དྲོར།  བོད་རང་སྐྱོང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་རྣམ་པེ་ཅིང་དུ་བསྐྱོད་པའི་རྟོག་ཞིབ་ཚོགས་པ་པེ་ཅིང་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལྟེ་གནས་སུ་བཞུགས་མོལ་གསོ་སྦྱོང་ནང་ཞུགས་པར་བསྐྱོད་པ་རེད།
         འགྲེལ་བཤད་པའི་ཁྲིད་སྟོན་འོག་རི་སྐྱེས་སྲུང་སྐྱོང་ཚོགས་པའི་སློབ་མ་ཚོས་སྲོག་ཆགས་གསོ་ཚགས་ཁང་སྣ་ཚོགས་ལ་ལྟ་སྐོར་དུ་བསྐྱོད་པ་རེད། སྲོག་སྐྱོབ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་སློབ་མ་ཚོར་རི་སྐྱེས་སྲོག་ཆགས་སྲོག་སྐྱོབ་ཀྱི་གཞི་རྩའི་ཤེས་བྱ་དང་རྒྱུན་མཐོང་གི་ནད་གཞི་བརྟག་དཔྱད་དང་སྨན་བཅོས་བྱེད་ཐབས།  དེ་བཞིན་ཁོང་ཚོའི་སྲོག་སྐྱོབ་ལས་དོན་ཁྲོད་ཀྱི་ཉམས་མྱོང་དང་བསླབ་བྱ་བཅས་འགྲེལ་བཤད་བརྒྱབ་ཡོད།  སློབ་མ་ཚོའི་སྤེལ་རེས་ཁྲོད་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་ལུ་མ་སྐྱ་ནར་དོ་དམ་ས་ཚིགས་ཀྱི་འགན་འཁུར་བ་བྱམས་པ་ཡིས་ཁོང་གི་གཏམ་རྒྱུད་བཤད།
         མཚེའུ་གཉིས་རྫོང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་ཞིག་ཡིན།  དེར་ཆེས་གདོད་མའི་སྣོད་བཅུད་ཀྱི་རང་བྱུང་ཁོར་ཡུག་ཡོད་པ་དང་། རི་སྐྱེས་སྲོག་ཆགས་མང་པོའི་འཚོ་སྡོད་ཁུལ་ཡིན་ལ།  རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་གྲོང་ཡང་ཡིན། བྱམས་པ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།  རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད།  མིག་སྔར་མཚེའུ་གཉིས་རྫོང་དུ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་དོ་དམ་ས་ཚིགས15བཙུགས་པ་དང་ལུ་མ་ནི་དེའི་ནང་གི་ས་ཚིགས་ཤིག་ཡིན།  རྫོང་གྲོང་དང་ཐག་རིང་ཤོས་ཀྱི་དོ་དམ་ས་ཚིགས་ཡིན་པའི་ངོས་ནས་བཤད་ན་ཆ་རྐྱེན་ཡང་ཞན་ཤོས་ཡིན།
         “ཉིན་ལྟར་སྐོར་སྲུང་བྱེད་སྐབས་བར་ཐག་ཧ་ཅང་རིང་པོ་བསྐྱོད་དགོས་པ་དང་སྐབས་རེར་སྤྱི་ལེ100ལས་བརྒལ་གྱི་ཡོད།  གངས་ཆར་གྱི་གནམ་གཤིས་འཕྲད་ཚེ་འཁོར་ལོ་འདམ་རྫབ་ནང་ཚུད་ན་སྡུག་ཤོས་རེད་འདུག  ཐག་རིང་ལུང་ཁུག་ཏུ་གནས་པ་དང་བརྡ་རྟགས་མེད་པས་མཁོ་སྤྲོད་དངོས་པོ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་ཐབས་མེད་པའི་སྐབས་སུ་རླངས་འཁོར་ནང་དུ་སྡོད་ནས་ཞག་མོ་སྡོད་རྒྱུ་ལས་ཐབས་གཞན་མེད”ཅེས་བཤད།
         མཚེའུ་གཉིས་རྫོང་གི་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི5000ཡན་ཟིན་གྱི་ཡོད།  བྱམས་པ་དང་ཁོང་གི་ལས་རོགས་ཚོས་སྐབས་འགར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6000ཟིན་པའི་རི་མཐོ་བརྒལ་གྱི་ཡོད།  གསར་འགོད་པས་བྱམས་པར“དཀའ་ཚེགས་ཆེ་བའི་ཆ་རྐྱེན་དེ་འདྲ་འོག་ལས་ཀ་བྱེད་རྒྱུ་དེ་ཁྱེད་ཀྱིས་བློས་གཏོང་བྱེད་བསམ་མྱོང་ངམ”ཞེས་དྲིས་པར།“ཁྱེད་རང་མཐའ་མེད་པའི་བྱང་རྩྭ་ཐང་དུ་སླེབས་སྐབས་ཚོར་སྣང་དེ་འདྲ་ཞིག་གིས་ཁྱེད་རང་ལ་ཧང་སངས་དགོས་པ་དང་ཁྱེད་རང་ཐག་ཉེ་ས་ནས་སྲོག་ཆགས་དེ་དག་དང་འབྲེལ་འདྲིས་བྱེད་ཐུབ་པས་དུས་ཡུན་རིང་པོ་འགོར་རྗེས་ཁྱེད་རང་དང་ཁོང་ཚོའི་བར་བརྩེ་དུང་སླེབས་ཀྱི་རེད།  ངའི་བསམ་པར་རང་ཉིད་ཀྱི་ལས་ཀར་དོན་སྙིང་ཆེན་པོ་ཡོད་པས་དངུལ་གྱིས་ཚད་འཇལ་བྱེད་ཐབས་བྲལ་”ཞེས་བློ་བརྟན་འགྱུར་མེད་ངང་ལན་བཏབ།
         2016ལོར་ལས་ཀར་ཞུགས་ནས་ད་བར་བྱམས་པ་དང་ཁོང་གི་ལས་རོགས་གསུམ་གྱིས་རང་ཉིད་ཀྱི་ལས་གནས་ཐོག་བརྟན་སྲུང་བྱས་ནས་བློས་གཏོང་གཏན་ནས་བྱས་མེད། “དེའི་རྒྱབ་ཏུ་ཁ་འབྲལ་ཐབས་མེད་པ་ནི་བཟའ་ཟླའི་རྒྱབ་སྐྱོར་རེད།  རང་ཉིད་ཀྱི་དཔལ་འབྱོར་ཆ་རྐྱེན་ཚད་ཡོད་པས་ཁྱིམ་མིར་འཚོ་བ་ཡག་པོ་སྤྲད་ཐབས་བྲལ་བ་ངས་ཤེས་མོད།  འོན་ཀྱང་ཁྱིམ་མིས་ང་ལ་རྒྱབ་སྐྱོར་དང་བསམ་ཤེས་ཆེན་པོ་བྱེད་ཀྱི་ཡོད་པས་ང་རང་དགའ་པོ་བྱུང་།  རང་ཉིད་འགན་འཁུར་བ་ལ་བདམས་པ་དེའང་གྲོང་མི་ཚོས་ང་ལ་ཡིད་ཆེས་བྱེད་པ་ཞིག་ཡིན་ལ་ང་རང་ཉིད་ཀྱང་ལས་ཀ་དེར་དགའ་པོ་ཡོད་པས་ཁོང་ཚོའི་རེ་བ་ཆུད་ཟོས་སུ་གཏོང་མི་རུང་”ཞེས་བཤད། 
         “སྐོར་གཡེང་བྱེད་རིང་རི་སྐྱེས་སྲོག་ཆགས་མང་པོ་འཕྲད་སྲིད།  དོམ་དང་གཙོད།  ནོར་གནག་སོགས་ཡོད།  རྨས་སྐྱོན་ཕོག་པའི་སྲོག་ཆགས་དང་འཕྲད་ཚེ་ང་ཚོས་འབད་བརྩོན་གང་ཐུབ་ཀྱིས་རོགས་སྐྱོབ་བྱེད་ཀྱི་ཡོད།  ད་ཐེངས་ཀྱི་རོགས་སྐྱོབ་གསོ་སྦྱོང་དེས་ང་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པས་ངས་སྦྱངས་པའི་རྩལ་ནུས་གསར་པ་དང་ཤེས་བྱ་གསར་པ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐད་དེ་བས་ལེགས་པའི་སྒོ་ནས་སྤྱོད་འདོད་ཡོད”ཅེས་བཤད།
         ཉེ་བའི་ལོ་ཤས་རིང་གཙོད་ཀྱི་གྲངས་འབོར་ཉིན་རེ་བཞིན་མང་དུ་འགྲོ་བ་དང་རི་སྐྱེས་སྲོག་ཆགས་གཞན་དག་གི་རིགས་ཀྱང་རིམ་བཞིན་མང་དུ་འགྲོ་གི་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་ཡིན་ལ་བྱམས་པ་ལྟ་བུའི་འབད་བརྩོན་བྱས་མཁན“སྲུང་སྐྱོབ་པ”ལས་བྱུང་བ་ཞིག་ཀྱང་རེད། ཉིན་རེ་བཞིན་སྐོར་སྲུང་ལས་དོན་སྤེལ་སྐབས་བྱམས་པ་དང་ཁོང་གི་ལས་རོགས་ཚོར་སྤྲོ་སྣང་མེད་པ་ཞིག་མ་ཟིན་པར་གཟི་བརྗིད་ཧ་ཅང་ཆེན་པོ་ཞིག་གི་ཚོར་སྣང་ཡོང་གི་ཡོད། ཁོང་ཚོས་སྐོར་སྲུང་ལས་འགན་བསྐྱར་ཟློས་བྱེད་པ་མ་ཡིན་པར་བྱང་རྩྭ་ཐང་ཧྲིལ་པོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་དང་གཙོད་དང་ནོར་གནག་མཉམ་དུ་སྡོད་ཀྱི་ཡོད། 
         “མི་རྣམས་མཐར་རྒས་ངེས་ཡིན་པ་ངས་ཤེས་ཀྱི་ཡོད་མོད།  འོན་ཀྱང་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྙིང་སྟོབས་ནམ་ཡང་རྒས་མི་སྲིད།  རང་ཉིད་ཀྱི་མི་རབས་རྗེས་མས་ཀྱིས་ཀྱང་གངས་ལྗོངས་ས་མཐོའི་གནམ་སྔོན་དང་ས་དྭངས་སྲུང་སྐྱོང་ཡག་པོ་བྱེད་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།“  ངས་ལང་ཚོ་མེས་རྒྱལ་གྱི་བྱང་ཐང་ལ་འབུལ་བ”དང“བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཛེས་སྡུག་ལྡན་པའི་སྲུང་སྐྱོང་བྱེད་མཁན་”ཞིག་བྱེད་དགོས”ཞེས་པ་དེ་ནི་ལུ་མ་སྐྱ་ནར་དོ་དམ་ས་ཚིགས་ཀྱི་འགན་འཁུར་བ་བྱམས་པས་མཉམ་སྤྱོད་བྱས་པའི་གཏམ་རྒྱུད་ཡིན།