སྐབས་དང་པོའི་རྒྱལ་ཡོངས་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེན་མོའི(ལྷོ་ནུབ་ཁུལ)བོད་ལྗོངས་འདེམས་སྒྲུག་འགྲན་བསྡུར།
སྤེལ་དུས 2024-05-10
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚོགས་པ་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་དམངས་ཡོངས་ལུས་སྦྱོང་འགྲན་བསྡུར་ཆེན་མོའི(ལྷོ་ནུབ་ཁུལ)གྱི་འགྲན་བསྡུར་ཁུལ་ཁག་གི་འགྲན་བསྡུར་ནང་ཞུགས་ཏེ་བོད་རང་སྐྱོང་ལྗོངས་དམངས་ཡོངས་ལུས་སྦྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ་དང་འགྲན་བསྡུར་གྱི་ཉམས་འགྱུར་དང་ཆུ་ཚད་མངོན་པ་བཅས་བྱ་ཆེད། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཟླ5པའི་ཚེས9ཉིན་རང་སྐྱོང་ལྗོངས་འགྲན་བསྡུར་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་རྐང་རྩེད་སྤོ་ལོའི་ཐང་དུ་རྒྱལ་ཡོངས་སྐབས་དང་པོའི་རྒྱལ་ཡོངས་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་ཆེན་མོའི“ལྷོ་ནུབ་ཁུལ”བོད་རང་སྐྱོང་ལྗོངས་འདེམས་སྒྲུག་འགྲན་བསྡུར་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
པར་འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན།
ཤེས་རྟོགས་བྱུང་བར་གཞིགས་ན། འདེམས་སྒྲུག་འགྲན་བསྡུར་ནང་ཞུགས་མཁན་བོད་རང་སྐྱོང་ལྗོངས་ས་གནས་ཁག་(གྲོང་ཁྱེར)དང་བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པའི་ལུས་རྩལ་པ་500ལྷག་ཙམ་ཡོད་པ། འགྲན་བསྡུར་ནང་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོ་། གླང་པོ་གཉའ་བཅག མུ་ཏིག་སྤོ་ལོ་བཅས་ཀྱི་འགྲན་བསྡུར་ཚུད་ཡོད་ཅིང་འགྲན་བསྡུར་གྱི་དུས་ཡུན་ཉིན་12ཡིན་པ་རེད། འགྲན་བསྡུར་དུས་ཡུན་དམ་པོ་ཡོད་ལ་ཤུགས་ཚད་ཀྱང་ཆེ་བ་རེད། ད་ཐེངས་ཀྱི་འདེམས་སྒྲུག་འགྲན་བསྡུར་གཉེར་བ་ནི་དམངས་ཡོངས་ཀྱི་ལུས་སྦྱོང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་མཐར་ཕྱིན་བྱས་ནས་ལུས་རྩལ་ས་ཁུལ་སྟོབས་ལྡན་དང་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཏན་ཏིག་ཅིག་ཡིན་པས་བོད་རང་སྐྱོང་ལྗོངས་མང་ཚོགས་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོར་ཞུགས་པའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། འགྲན་བསྡུར་མང་ཚོགས་ཀྱི་འགྲམ་དུ་ཡང་གཉེར་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཆེས་ཕུལ་བྱུང་ལུས་རྩལ་པ་དང་ལུས་རྩལ་རུ་ཁག་རྒྱལ་ཡོངས་ཀྱི་འགྲན་རར་ཉམས་འགྱུར་ངོམ་དུ་བཅུག་པ་དེ་ནི་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་གཏོང་བ་དང་བོད་རང་སྐྱོང་ལྗོངས་སུ་ལུས་སྦྱོང་ལ་བརྩི་མཐོང་དང་ལུས་སྦྱོང་ནང་ཞུགས་པ། སྐྱོན་བྲལ་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་བྱེད་པའི་རྣམ་པ་བཟང་པོ་སྔར་བས་ཆགས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ཚ་རླབས་རྒྱུན་མཐུད་ངང་འཕྱུར་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

པར་འདི་ནི་ལུས་རྩལ་པའི་འཐུས་ཚབ་ཀྱིས་དམ་བཅའ་འཇོག་བཞིན་པ།
ལྷ་ས་པེ་ཅིང་སློབ་འབྲིང་ནས་ཡོང་བའི་བསྟན་འཛིན་ཆོས་བཟང་ནི་ལྷ་ས་གྲོང་ཁྱེར་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཁོངས་མི་ཞིག་ཡིན། སློབ་ཆུང་ནས་བཟུང་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་ཀྱི་ཡོད། སློབ་གྲྭ་རིམ་པ་དང་གྲོང་ཁྱེར་རིམ་པའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ནང་གྲུབ་འབྲས་ཕུལ་དུ་བྱུང་བ་མང་པོ་ཐོབ་མྱོང་ཡོད།“ལྷ་ས་རུ་ཁག་གི་ཚབ་བྱས་ནས་ད་ཐེངས་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་པར་ང་ཧ་ཅང་དགའ་པོ་བྱུང་། ངའི་ངོས་ནས་བཤད་ན་ཨང་རིམ་གལ་ཆེ་ཤོས་ཤིག་མིན། འགྲན་བསྡུར་ཚང་མར་ངས་རོལ་མྱོང་བྱེད་ཀྱི་ཡོད། ང་ཚོའི་ལྷ་ས་རུ་ཁག་གིས་ང་ཚོའི་ཉམས་འགྱུར་མངོན་ཐུབ་པར་སྨོན”ཞེས་བཤད།
པར་འདི་ནི་ལྷ་ས་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་འཐུས་ཚབ་རུ་ཁག་ཡིན།
པར་འདི་ནི་ཆབ་མདོ་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་འཐུས་ཚབ་རུ་ཁག་གིས་འགྲན་སྡུར་ལ་གྲ་སྒྲིག་བྱེད་བཞིན་པ།