ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱིས་ཀྲུང་ལུཊ་དང་བོད་ལུཊ་ཀྱི་སྨན་ཁང་འདི་ལྟར་གཏོད་པ།

སྤེལ་དུས 2024-04-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཉེ་ཆར། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཁོངས་གཏོགས་སུ“མཛེས་སྡུག་ལྡན་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་ཁང”གཏོད་པའི་བྱེད་སྒོ་སྤེལ་ཞིང་། བྱེད་ཐབས་ཁག་བརྒྱད་བརྒྱུད“ཁོར་ཡུག་མཛེས་པ”དང་།“ཞབས་ཞུ་མཛེས་པ”“སྒྲིག་ལམ་མཛེས་པ”“མི་ཆོས་རིག་གནས་མཛེས་པ”བཅས་མཛེས་པ་བཞིའི་སྨན་ཁང་གཏོད་བཞིན་ཡོད། 
            གཅིག་ནས་སྐྱིད་སྣང་དོད་པའི་ཁོར་ཡུག་གི་ཉམས་ལེན་ལེགས་སུ་གཏོང་དགོས། རྨང་གཞིའི་ཁོར་ཡུག་བསྒྱུར་བཀོད་ལག་བསྟར་ཤུགས་ཆེན་དང་། སྒོ་བསྟེན་གྱི་ལས་རིམ་ཡོངས་ཀྱི་བཀོད་པ་ལེགས་འགྱུར། གཙང་སྦྲ་བྱེད་མཁན་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེར་གཏོང་། གཙང་སྦྲ་སྒྲིག་བཀོད་ཇེ་མང་དུ་གཏོང་བ། སྨན་དོན་མི་སྣའི་ཉམས་འགྱུར་ཚད་ལྡན་དུ་གཏོང་བ། ལས་བཟོ་པའི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་བ་བཅས་བྱ་དགོས།   
            གཉིས་ནས་སྨན་ཁང་གི་བཀོད་པ་ལུགས་མཐུན་ངང་ཇུས་འགོད་བྱ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་སྒོ་སྤེལ་ས་འཆར་འགོད་བྱས་ཏེ། རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་དགོས། ས་གནས་དེ་གའི་གནམ་གཤིས་དང་ཟུང་འབྲེལ་གྱིས་སྤྲོ་གསེང་ལྡུམ་རྭ་བསྐྲུན་ནས་སྔར་བས་སྐྱིད་སྣང་དོད་པའི་སྨན་བཅོས་ཁོར་ཡུག་མཁོ་འདོན་བྱེད་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་སྨན་ཁང་གི་རིག་གནས་འགྲེམས་ཁང་ངམ་ཡང་ན་སྨན་ཁང་གི་ལོ་རྒྱུས་འགྲེམས་ཁང་བཟོས་ནས་སྨན་ཁང་གི་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། 
            གསུམ་ནས་དམངས་བདེ་ཞབས་ཞུའི་སྒྲིག་བཀོད་མང་དུ་གཏོང་དགོས། ལྗིད་ཚད་རྒྱ་མ་བཞག་ནས་དམངས་ཕན་སྒྲིག་ཆས་མང་དུ་གཏོང་བ་དང་། རྐུབ་སྟེགས་འཁོར་ལོའི་གཡར་སྤྱོད་ཞབས་ཞུ་འདང་ངེས་བྱེད་པ། སྨན་རྫས་ལེགས་སྒྲིག་སྟེགས་བུ་འཛུགས་པ་བཅས་བྱེད་དགོས། སྨན་ཁང་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་སྒོ་དབྱེའི་འཚོ་བའི་སྒོ་རྩིས་ཚོང་ཁང་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས། 
            བཞི་ནས་བདེ་ཐང་ཞབས་ཞུའི་ལས་སྟེགས་ཕུན་སུམ་ཚོགས་སུ་གཏོང་དགོས། གོ་བདེ་ཤེས་སླའི་བདེ་ཐང་གི་ཤེས་བྱ་ཡོངས་བསྒྲགས་བྱས་ནས། སྒོ་བསྟེན་ས་ཁོངས་སུ་ཚན་རིག་དང་མཐུན་པའི་བདེ་ཐང་ས་ཚིགས་མང་དུ་གཏོང་རྒྱུ་དང་ཆ་རྐྱེན་ཡོད་པའི་སྨན་བཅོས་སྒྲིག་གཞིའི་སྤྱི་པའི་ས་ཁོངས་སུ་ནད་པར་སྨན་བཅོས་བྱ་རྒྱུར་སྒུག་པའི་སེམས་ཁམས་ཞི་ལྷོད་ཀྱི་ཞབས་ཞུ་སྒྲུབ་དགོས། 
            ལྔ་ནས་སྨན་བཅོས་སྣེ་ཁྲིད་དང་སྨན་བཅོས་སྣེ་ཁྲིད་ཞབས་ཞུ་ཚད་ལྡན་དུ་གཏོང་དགོས། སྒོ་བསྟེན་ཚོམས་ཆེན་དུ་ནད་སྨན་བཅོས་སྣེ་ལེན་མཁན་བཀོད་སྒྲིག་བྱས་ཏེ། སྒོ་རའི་ནང་གློག་རྡུལ་ཕྱོགས་སྟོན་དང་པར་རིས་ཕྱོགས་སྟོན་སོགས་སྨན་དོན་ཞབས་ཞུའི་ཁྲིད་སྟོན་བྱེད་སྟངས་སྣ་ཚོགས་ཁྱབ་གདལ་བཏང་ཐོག ཆེད་དོན་ཆེད་ལས་ཚན་ཁག་གི་སྒོ་བསྟེན་སྨན་ཁང་སྔར་བས་ཞིབ་ཚགས་སུ་གཏོང་དགོས།
            དྲུག་ནས་སྤུས་ལེགས་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱེད་དགོས། རྒན་རྒོན་སྨན་བཅོས་བྱེད་པར་སྟབས་བདེ་སྐྲུན་པའི་སྒྲིག་ཆས་དང་། ཡོ་ཆས་དང་མཚོན་རྟགས་བཅས་སྒྲིག་སྦྱོར་བྱས་ནས་སྤྱི་པའི་སྒྲིག་བཀོད་རྙིང་པ་དང་འཚམ་པའི་ཇུས་འགོད་དང་སྒྱུར་བཀོད་བྱེད་དགོས། “དབང་པོ་སྐྱོན་ཅན་སྔོན་ལ་སྨན་བཅོས་བྱེད་པའི”བདེ་བགྲོད་ལམ་བུ་བཙུགས་ནས་དབང་པོ་སྐྱོན་ཅན་ལ“སྔོན་ལ་སྨན་བཅོས་བྱེད་དགོས་པ་ལྔ”ལག་བསྟར་བྱེད་པ་དང་ཆབས་ཅིག་གེགས་མེད་སྒྲིག་བཀོད་སྣ་ཚོགས་མཁོ་འདོན་བྱེད་དགོས། སྦྲུམ་མ་དང་བྱིས་པར་སྐྱིད་སྣང་དོད་པའི་སྨན་བཅོས་ཁུལ་བཏོད་དེ་གཟའ་མཇུག་གི་སྒོ་བསྟེན་སྨན་ཁང་བཙུགས་ནས་ནད་པར་ཞབས་ཞུ་སྒྲུབ་པའི་སྐད་འཕྲིན་ཚོགས་པ་འཛུགས་རྒྱུར་ལྕག་སྐུལ་བྱེད་པ་མ་ཟད། ཚོགས་པའི་ནང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་ལག་རྩལ་དང་བདེ་ཐང་ལུས་གསོའི་ཤེས་བྱ་དྲིལ་བསྒྲགས་ཀྱང་བྱེད་དགོས། 
            བདུན་ནས་མི་ཆོས་རིག་གནས་ཀྱི་དོ་ཁུར་དང་ཉམས་ལེན་བྱེད་ཡུལ་ལེགས་བཅོས་བྱེད་དགོས། སྨན་པ་དང་ནད་པའི་བར་གྱི་འབྲེལ་འདྲིས་ཟབ་ཏུ་གཏོང་བ་དང་། སྨན་དོན་མི་སྣ་དང་ཞབས་ཞུ་སྒྲུབ་མཁན་གྱི་ཞབས་ཞུའི་ཐ་སྙད་དང་ཞབས་ཞུའི་བྱ་སྤྱོད་ཚད་གཞི་འཛུགས་དགོས། སྨན་པའི་ཀུན་སྤྱོད་དང་དར་སྲོལ་ལ་དོ་དམ་བྱེད་པའི་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་བཀག་ལྟར་སྨན་དོན་མི་སྣར་སྨན་པའི་ཀུན་སྤྱོད་གདེང་འཇོག་ཡིག་ཚགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། 
            བརྒྱད་ནས་ལུས་ཁམས་གསོ་བའི་བཟའ་བཏུང་རིག་གནས་ཁྱབ་སྤེལ་གཏོང་དགོས། ཟ་ཁང་བཙུགས་པའི་རྨང་གཞིའི་ཐོག་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་ལུས་ཁམས་གསོ་བའི་བཟའ་བཏུང་འོས་སྦྱོར་བྱེད་པ་དང་། སྤྱི་སྤྱོད་ཐུར་མ་ཁྱབ་གདལ་གཏོང་བ་དང་། རང་སྐལ་ཟ་མའི་ཞབས་ཞུ་མཁོ་འདོན་བྱེད་པ། ནད་ཐོག་འཚོ་བཅུད་ཞབས་ཞུ་མཁོ་འདོན་བྱེད་པ། དམིགས་བསལ་འཚོ་བཅུད་་མཁོ་བའི་ནད་པར་ཆེད་ལས་ཀྱི་བཟའ་བཅའི་མཛུབ་ཁྲིད་མཁོ་འདོན་བྱེད་དགོས། 
            ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སྨན་དོན་མི་སྣའི་ལས་ཀའི་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་རྒྱུ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལེགས་སུ་གཏོང་རྒྱུ། སྨན་དོན་མི་སྣའི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་དང་མཐོ་རུ་གཏོང་རྒྱུ་བཅས་མ་ཟད། དྲིལ་བསྒྲགས་ལས་དོན་ལ་དུས་གཅིག་ཏུ་སྐུལ་མ་གཏོང་བ་དང་དཔེ་མཚོན་གྱི་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཐོག ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་ཁག་གིས་སྨན་བཅོས་ཞབས་ཞུའི་འདུ་ཤེས་དང་བྱ་ཐབས་གསར་གཏོད་དང་ལེགས་སུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བ་དང་། ནང་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཕན་འབྲས་མངོན་གསལ་དོད་དུ་གཏོང་བ། ནད་པ་དེ་བས་མང་བར་ཕན་པ་ཐོབ་པ་བཅས་ཀྱིས་སྨན་བཅོས་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྤྲོད་མཁོའི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།