ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་གྱིས་ལྗང་མདོག་ཐོན་ལས་འབྲེལ་ཐག་རྒྱ་སྟོབས་ཇེ་ཆེར་བཏང་བ།

སྤེལ་དུས 2024-04-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན རྩོམ་པ་པོ།

           མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ་གཙོར་བྱས་པའི་ཐོན་ལས་གཅིག་སྡུད་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ལྗང་མདོག་ཐོན་ལས་འབྲེལ་ཐག་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ཆགས་པར་བྱས་ཡོད།

            ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཉི་ནུས་གསར་སྤེལ་ཁེ་ལས་ག་གེ་མོ་ཞིག་གིས་ཕན་འབྲས་མཐོ་བའི་ངང་ཉི་ནུས་བརྗེ་སྒྱུར་དང་། ཝོལ700ཡན་གྱི་ཤུགས་ཚད་མཐོ་བའི་འོད་ཧྥུ་སྒྲིག་ཆས་ཁག་གཅིག་ཐོན་སྐྱེད་བྱེད་བཞིན་ཡོད། དེར་མཁོ་བའི་སྟོད་རྒྱུད་ཀྱི་ཐོན་རྫས་ཏེ། གཙང་ཚད་དེ་བས་མཐོ་བའི་བདར་མང་སྭེལ་ནི་གསར་སྤེལ་ཁུལ་དེ་རང་དུ་ཡོད་པའི“ལྗང་མདོག་ཐོན་ལས་ཁྲོམ་གཞུང”གིས་མཁོ་འདོན་བྱས་པ་ཞིག་རེད། དེ་གར་བདར་མང་སྭེལ་དང་། འོད་ཧྥུ་བཟོ་སྐྲུན། ལིས་གློག་གསོག་སོགས་ཁེ་ལས10ལྷག་ཙམ་འདུས་ཁར། བཟོ་ཁང་ཡོད་ལ་ཁེ་ལས་ཀྱི་གསར་སྤེལ་རྟེན་གཞི་ཡང་ཡོད་པས། མཉམ་ལས་བྱེད་པར་ཧ་ཅང་སྟབས་བདེ་པོ་ཡོད་པ་རེད།

           ཐེན་ཧོ་འོད་ནུས་གོ་ལ་ཧྲིལ་པོའི་ཐོན་རྫས་ཀྱི་སྤྱི་འདོམས་གཞོན་པ། མཚོ་སྔོན་རྟེན་གཞིའི་འགན་འཁུར་བ་ཐུང་པིང་གིས། ང་ཚོས་ལག་རྩལ་ཚད་བརྒལ་བྱེད་སྐབས་སྟོད་རྒྱུད་ཀྱི་ཐོན་རྫས་འཚམ་མཐུན་ཡོང་བ་བྱེད་དགོས་པ་དང་། ལྗང་མདོག་གི་ཐོན་ལས་འབྲེལ་ཐག་དེའི་ཐོག་ཚང་མ་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

          སྲིད་གཞུང་གིས་མཚམས་སྦྱོར་བྱས་ནས་ལྗང་མདོག་ཐོན་ལས་འབྲེལ་ཐག་མཐུན་སྦྱོར་ངང་འཕེལ་རྒྱས་བཏང་ཡོད། ཕུན་སུམ་ཚོགས་པའི་ཚྭ་མཚོའི་ལིས་དང་། མཛེས་ལྗོངས་དང་ཆུའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྔོན་གྱིས་ལིས་གློག་དང་འོད་ཧྥུས་གཙོ་བོ་བྱེད་པའི་ནུས་རྒྱུ་གསར་པའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བཞིན་པ་དང་། ཐོན་ལས་འབྲེལ་ཐག་གི་གོང་འོག་འབྲེལ་མཐུད་བྱེད་མགྱོགས་སུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་པ། གོང་འོག་ཁེ་ལས་ཀྱིས་མཐུན་སྦྱོར་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱེད་རྒྱ་ཆེ་རུ་བཏང་བ་བཅས་དང་ཆབས་ཅིག མཚོ་སྔོན་གྱིས་ད་དུང་མ་དངུལ་གྱི་ཁྲིད་སྟོན་ལ་བརྟེན་ནས་སྤྱི་པའི་ཞིབ་འཇུག་གསར་སྤེལ་ལས་སྟེགས་དང་ཞབས་ཞུའི་རིག་ལྡན་བཟོ་གྲྭའི་གྲངས་གཞི་ཆེ་མོའི་ལྟེ་གནས་བསྐྲུན་ཐོག ཁེ་ལས་ཀྱི་གསར་གཏོད་ནུས་པ་སྐུལ་སློང་ནུས་ལྡན་བྱས་ཡོད།

          མཚོ་སྔོན་ཞིང་ཆེན་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཅན་ཝུན་གྱིས། ལྗང་མདོག་ཐོན་ལས་ལ་དམིགས་ཏེ་ང་ཚོས་འཆར་གཞི་ཡོད་པའི་སྒོ་ནས་འབྲེལ་ཡོད་ཁེ་ལས་ལ་གཅིག་སྡུད་ཀྱི་ཕན་འབྲས་ཐོན་རྒྱུར་ཁྲིད་སྟོན་བྱེད་བཞིན་པ་དང་། རྒྱུ་རྐྱེན་གཙོ་བོ་དང་གོང་འོག་གི་མཁོ་སྤྲོད་རྩིས་ཐོ་འགན་ལེན་བྱས་ཏེ། ཁེ་ལས་སྦྲེལ་མཐུད་དང་འཕེལ་རྒྱས་གཏོང་རོགས་བྱས་ཡོད་ཅེས་གསུངས།

          འཐུས་སྒོ་ཚང་བའི་ཐོན་ལས་འབྲེལ་ཐག་ལ་བརྟེན་ནས། མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་འབོར་ཆེན་ཞིག་མཁོ་འདོན་བྱེད་ཆོག་གི་ཡོད། 2023ལོའི་ལོ་མཇུག་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྒྲིག་སྦྱོར་གྱི་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི5497ཟིན་པ་དང་། དེའིི་ཁྲོད་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆ93ཟིན་པ། གློག་གཏོང་ཚད་ཀྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆ84ཙམ་ཟིན་ཡོད། མཚོ་སྔོན་གྱི་གནམ་གཤིས་ནི་གྲང་ལ་སྐམ་ཤས་ཆེ་བས་ཞབས་ཞུའི་འཕྲུལ་ཆས་བཀོད་སྒྲིག་བྱ་རྒྱུར་འཚམ་པོ་ཡོད། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་གྲངས་གཞི་ཆེ་མོའི་རྟེན་གཞིས་དྭངས་གཙང་གློག་ལ་བརྟེན་ནས་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དང་། ཞིང་འབྲོག་ལས། རིག་ནུས་བཟོ་གྲྭ་བཅས་ལ་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་གྱིས་དྭངས་གཙང་གློག་གི་རིག་ལྡན་ནུས་གསོག་མ་ལག་ཆེ་གྲས་སྐྲུན་བཞིན་པ་དང་། ནུས་གསོག་རིག་ནུས་ཀྱི་གློག་སྣོན་གློག་གཏོང་དོ་དམ་བརྒྱུད་རྩིས་རྒྱག་ནུས་པར་འགུལ་ནུས་བརྟན་པོ་མཁོ་འདོན་བྱེད་བཞིན་ཡོད། ད་ལོ་ནུས་གསོག་སྒྲིག་ཆས་བཟོ་སྐྲུན་བྱ་རྒྱུ་གཙོ་བོར་བྱེད་པའི་རིག་ལྡན་ནུས་གསོག་ཐོན་ལས་གླིང་དངོས་སུ་སྐྲུན་འགོ་ཚུགས་པ་དང་གཞི་ཁྱོན་ཅན་གྱི་དྭངས་གཙང་གློག་གི་འདེགས་སྐྱོར་རྩིས་རྒྱག་ནུས་པ་སྤྱད་དེ། རྒྱལ་ཡོངས་ཀྱི་ཚན་རྩལ་ཐོན་ལས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད།