ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

སྔོ་ཚལ་དྲོད་ཁང་བསྐྲུན། ཕྱུག་འགྱུར་ལམ་བུ་བཏོད།

སྤེལ་དུས 2024-04-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཆ་སྙོམས་ས་བབ་སྨི་4100ལྷག་ཙམ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་125དང་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པའི་ནག་ཆུ་གྲོང་ཁྱེར་སོག་རྫོང་རྒྱལ་ཆེན་ཤང་དཀར་མདའ་གྲོང་ཚོ་ནི་རི་མཐོ་གྲོག་རོང་དུ་གནས་ཡོད།
            ཉེ་ཆར། གསར་འགོད་པ་དཀར་མདའ་གྲོང་ཚོར་བཅར་འདྲིར་སྐྱོད་སྐབས། གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོར་སྔོ་ཚལ་ཤིས་ཧུའུ་ལུའུ་དང་ཧོང་ཀྭ་སོགས་སྐྱེ་འཚར་ཤིན་ཏུ་ལེགས། “ང་ཚོའི་གྲོང་ཚོའི་སྔོ་ཚལ་དྲོད་ཁང་ཆེ་མོ་དེ་གྲོང་སྡོད་ལས་དོན་རུ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བསྐྲུན་པ་ཞིག་ཡིན་པས། དེས་མང་ཚོགས་ཀྱི་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་ཚེས་བཤད།
            ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་མང་ཚོགས་ལ་གྲོང་ཚོ་ནས་སྔོ་ཚལ་སོས་པ་ཟ་རྒྱུ་ཡོང་ཆེད། དཀར་མདའ་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་མ་འཇོག་ཚད་ཡོད་ཀུང་སིའི་ལས་དོན་རུ་ཁག་གིས་བརྟག་ཞིབ་རབ་དང་རིམ་པ་བྱས་པ་བརྒྱུད། 2022ལོའི་ཟླ་12པར་དཀར་མདའ་གྲོང་ཚོའི་ཕྱེད་ས་འོག་གི་སྔོ་ཚལ་དྲོད་ཁང་དང་པོ་བསྐྲུན་པ་རེད།
            དྲོད་ཁང་ཕྱིའི་དྲོད་ཚད་མཐོ་པོ་མེད་ཀྱང་དྲོད་ཁང་ནང་གི་དྲོད་ཚད་30℃ལྷག་ཙམ་ཟིན་གྱི་འདུག གྲོང་སྡོད་ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་ཝང་ཅན་ཧུང་གིས་ང་ཚོ་དང་སྐད་ཆ་ཤོད་ཞོར་དུ་ཚལ་འདེབས་ཞིང་པ་གཉིས་ལ་དྲོད་ཁང་གཡོག་བྱེད་བྱེད་སྟངས་དང་ནད་དང་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་འདེབས་འཛུཊ་ཤེས་བྱ་འགྲེལ་བཤད་རྒྱག་གི་འདུག
            ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་གཅིག་ལྷག་ཙམ་རིང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གཉིས་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཐུན་མོང་འབད་བརྩོན་འོག དཀར་མདའ་གྲོང་ཚོའི་སྔོ་ཚལ་དྲོད་ཁང་དུ་ལྗང་མདོག་སྔོ་ཚལ་སྣ་ཚོགས་བཏབ་ནས། གྲོང་ཚོའི་མང་ཚོགས་ཀྱི་སྔོ་ཚལ་དགོས་མཁོ་བསྐངས་པ་མ་ཟད། ད་དུང་སྔོ་ཚལ་ཉེ་འགྲམ་གྱི་གྲོང་ཚོ་ཁག་ཏུ་བཙོངས་པར་ལོར་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཡོང་གི་ཡོད་པ་རེད།
            “ད་ཆ་ང་ཚོའི་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཐོན་ལས་ཅན་དང་། ཚད་གཞི་ཅན། ཚད་ལྡན་ཅན་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་དང་འདེབས་འཛུགས་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་ནས་སྔོ་ཚལ་གྱི་སྤུས་ཀ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་གི་ཡོད། སྔོ་ཚལ་དྲོད་ཁང་ཆེ་མོ་ནི་དཀར་མདའ་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་པའི་བྱེད་ཐབས་གསར་པ་ཞིག་རེད”ཅེས་ཝང་ཅན་ཧུང་གིས་བཤད། 

རྩོམ་སྒྲིག་པ། རིག་གྲོལ།