ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

​མཚོ་སྔོན་རྐང་གྲུག་འགྲན་བསྡུར་གྱི་འགྲན་ཞུགས་རུ་ཁག་གི་རུ་རྟགས།

སྤེལ་དུས 2024-05-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"འགྲན་བསྡུར་ཆེན་མོའི་འགྲན་ཞུགས་རུ་ཁག་གི་རུ་རྟགས།

         "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"འགྲན་བསྡུར་ཆེན་མོ་དེ་ཟླ5པ་ནས་མགོ་བརྩམས་ཏེ་ཟླ10པར་མཇུག་སྒྲིལ་རྒྱུ་རེད། ཟླ5པའི་ཚེས18ཉིན་ཟི་ལིང་དུ་མགོ་རྩོམ་མཛད་སྒོའི་འགྲན་བསྡུར་ཐེངས་དང་པོ་སྤེལ་རྒྱུ་ཡིན་ཞིང་། ཟླ10པའི་ཚེས3ཉིན་མཇུག་བསྡུའི་བྱ་དགའ་སྟེར་བའི་མཛད་སྒོ་བསྡུ་རྒྱུ་རེད། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ། མགོ་ལོག་ཁུལ། ཡུས་ཧྲུའུ་ཁུལ་བཅས་འགྲན་ཁུལ8ཡོད།

         ཟི་ལིང་གྲོང་ཁྱེར་ཞ་ཏུའུ་རུ་ཁག་གི་རུ་རྟགས་ནི་ཕུབ་དབྱིབས་ལྟར་ཇུས་འགོད་བྱས་ཡོད། དེས་སྤོ་ལོ་རུ་ཁག་གི་རུ་མི་བར་མཐུན་སྒྲིལ་དང་བརྟན་བརླིང་ལྡན་པ་མཚོན་ཞིང་། ཞབས་མདོག་སྔོ་སྐྱ་ཡིས་ས་མཐོའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཚོན་ལ། རྒྱལ་པོའི་དབུ་ཞྭ་ཞིག་དང་འདྲ་བའི་རུ་རྟགས་ཀྱི་རྩེ་མོ་དེས་སྤོ་ལོ་རུ་ཁག་གི་ཉམས་འགྱུར་མཚོན། རྐང་གྲུག་རྒྱབ་ཀྱི་ཀྱག་ཀྱོག་གི་ཆུ་རིས་དེས་ཟི་ལིང་གི་ཙོང་ཆུ་དང་ལུང་གཞུང་མཚོན། མཐའ་འཁོར་གྱི་གསེར་མདོག་གི་སྙེ་མ་ཡིས་ཞིང་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བ་དང་ཞིང་ལས་སྐྱེ་དངོས་ལ་ལོ་ལེགས་འབྱུང་བ་མཚོན་ཡོད།

         མཚོ་ཤར་གྲོང་ཁྱེར་མཚོ་སྔོན་འཐེན་ཐུག་རུ་ཁག་གི་རུ་རྟགས་ནི“ཉི་སེར”དང“གངས་རི”། “རྐང་གྲུག”། “གྲོ་སྙེ”།“འཐེན་ཐུག”། “ཕུབ”སོགས་གཞི་རྒྱུ་སྣ་མང་མཉམ་འདྲེས་ཀྱིས་ཇུས་འགོད་བྱས་པ་ཞིག་ཡིན། ཉི་སེར་གྱིས་ཉི་གཞོན་ཐོན་ལས་མཚོན་ལ། དེས་མང་ཚོགས་རྐང་གྲུག་གམ་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་ཉིན་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པ་མཚོན། གངས་རི་ཡིས་མཚོ་སྔོན་གྱི་ས་ཁོངས་གནས་ཡུལ་མཚོན། གྲོ་སྙེ་ཡིས་གྲུབ་འབྲས་དང་དར་རྒྱས། མཐུན་སྒྲིལ། མཛའ་བརྩེ་བཅས་མཚོན་ཞིང་། དེས་སྐྱེ་སྟོབས་དང་རེ་བ་མཚོན། སྤྱི་མཚན་གྱི་ཐིག་རིས་ཀྱིས་ཕྱོགས་གཅིག་ནས་ཆུའི་གཞི་རྒྱུ་དང་མུ་འབྲེལ་གྱི་རི་རྒྱུད་མཚོན་ལ། ཕྱོགས་གཞན་ཞིག་ནས་མཚོ་སྔོན་གྱི་འཐེན་ཐུག་དེ། “ཕྱུག་འགྱུར་གྱི་ཐུག་པ”དང“འཆམ་མཐུན་གྱི་ཐུག་པ”“བདེ་སྐྱིད་ཀྱི་ཐུག་པ”ཞིག་ཡིན་པར་མཚོན།  སྤྱིའི་རྣམ་པ“ཕུབ”དབྱིབས་ཀྱིས་འགྲན་བསྡུར་ཁྲོད་ཀྱི་བཀག་འགོག་དང་འགོག་སྲུང་། ཕར་རྒོལ་བཅས་མཚོན་ཡོད།

         མཚོ་ལྷོ་ཁུལ་ཚལ་རྔ་རུ་ཁག་གི་རུ་རྟགས་ནི་ཕུབ་དབྱིབས་ཤིག་ཡིན་པ་དང་། བར་གྱི་བོད་ཡིག་གི་ནང་དོན་ནི་མཚོ་ལྷོའི་དོན་ཡིན།   དབྱིན་ཡིག་གི་གསལ་བྱེད་ནི་མཚོ་ལྷོ་རྐང་གྲུག་མཐུན་ཚོགས་ཀྱི་གསལ་བྱེད་ཡི་གེ་ཐོག་མ་དག་གི་བསྡུས་བྲིས་ཡིན། རུ་རྟགས་དཀྱིལ་གྱི་རི་དེ་ནི་བློན་པོ་གསེར་ཆེན་ཡིན་པ་དང་།   ལྗང་མདོག་གིས་སྤང་ལྗང་དང་ལང་ཚོ་མཚོན་པ་དང་། སྔོན་པོ་ཡིས་རྨ་ཆུ་མཚོན་ཡོད་ལ།  གྲོ་སྙེ་ཡིས་གྲུབ་འབྲས་མཚོན་ཡོད།

         མཚོ་བྱང་ཁུལ་མདོ་ལ་རི་བོ་བོད་ལུག་རུ་ཁག་གི་རུ་རྟགས་དེ་ཕྱི་ནང་རིམ་པ་གཉིས་ཀྱིས་གྲུབ་ཡོད་ལ།  ནང་གི་རིམ་པ་དེ་མདོ་ལའི་བོད་ལུག་དང་རྐང་གྲུག་གཉིས་ཀྱིས་གྲུབ་ཡོད་པ་དང་།  ཕྱིའི་རིམ་པ་ནས་ཀྱི་སྙེ་མས་བཏུམས་ཡོད། རུ་རྟགས་དེས་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རུ་རྟགས་ཀྱི་ལྷུ་ལག་ཚང་མ་དམ་དུ་འབྲེལ་ཡོད་པ་དེས་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་བུ་དང་བུ་མོ་ཚོ་སེ་འབྲུ་བཞིན་དམ་དུ་སྦྲེལ་ཏེ་ཁྲག་རྒྱུན་རྒྱུན་མཐུད་དང་ཞུམ་མེད་མདུན་སྐྱོད་བྱེད་པ་མཚོན་ཡོད།  རུ་རྟགས་ཀྱི་དཀྱིལ་དུ་ཀྲུང་གོའི་ལུག་གྲགས་ཅན་དྲུག་གི་ཡ་ཀྱལ་ཡིན་པའི་མདོ་ལའི་ལུག་གཙོ་བོ་བྱས་ནས་བཟོས་ཡོད། མདོ་ལའི་བོད་ལུག་ནི་མཚོ་བྱང་ཁུལ་གྱི་མདོ་ལ་རིང་མོའི་འདབས་ཀྱི་འབྲོག་རའི་ས་ཁོངས་སྤྱི་བའི་མིང་བྱང་འོག་གི་ཁྱད་ལྡན་མིང་བྱང་གཙོ་བོ་ཞིག་ཡིན་པའི་ཆ་ནས།   གཙོ་བོ་མདོ་དབུས་མཐོ་སྒང་གི་མདོ་ལ་རི་རྒྱུད་དུ་འཚོ་སྡོད་བྱས་ཡོད། དེའི་འཚོ་གནས་ཀྱི་ཁོར་ཡུག་ནི་ཐུན་མིན་ཁྱད་དུ་འཕགས་ཤིང་ས་བབ་ཅུང་མཐོ་བ་དང་གནམ་གཤིས་ལ་གྲང་ངར་ཆེ་ནའང་སྔར་བཞིན་གསོན་ཤུགས་ཀྱིས་ཁེངས་ཡོད་པ་མཚོན།  

         མཚོ་ནུབ་ཁུལ་ཚྭ་འདམ་འདྲེ་ཚེར་རུ་ཁག་གི་རུ་རྟགས་ནི་མེས་རྒྱལ་གྱི་ནོར་གཞོང་དང་ངོ་མཚར་བའི་ཚ་འདམ་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་གནས་མཆོག་ཅིག་ཡིན་པ་དང་། ལྷོ་ཕྱོགས་བོད་ལྗོངས་དང་བྱང་ཕྱོགས་ཀན་སུའུ། ནུབ་ཕྱོགས་ཞིན་ཅང་བཅས་ལ་འབྲེལ་ཡོད་པ་དང་། མཚོ་སྔོན་དང་ཀན་སུའུ། ཞིན་ཅང་། བོད་ལྗོངས་བཅས་ཞིང་ལྗོངས་བཞིའི་འབྲེལ་མཚམས་སུ་གནས་ཡོད་ལ། སྔོན་ཆད་ནུབ་ཡུལ་དུ་བསྐྱོད་པའི་གནའ་བོའི“དར་གོས་ཚོང་ལམ”གྱི་གཞོགས་ལམ་ཞིག་ཀྱང་ཡིན།  གཞན། 2024ལོར་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུའུ་ཡི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས་ཐོབ་པའི་འདྲེ་ཚེར་མ་ནི་དྭངས་གཙང་གི་ཁོར་ཡུག་ཏུ་སྐྱེས་ཤིང་། སིལ་ཏོག་ཆེ་ལ་ཁུ་བ་མང་བ། བྲོ་བ་མངར་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་རྒྱལ་ཡོངས་སུ་མིང་དུ་གྲགས་ཡོད། 

         རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་རུ་ཁག་གི་རུ་རྟགས་ནི་རེབ་གོང་ཐང་ག་དང་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་གྱི་དྲུག་པའི་ཀླུ་རོལ་རིག་གནས་དེ་རུ་རྟགས་ཇུས་འགོད་ཀྱི་བརྗོད་དོན་གཙོ་བོར་བཟུང་ཡོད། ཞབས་ཀྱི་རི་མོ་བཞི་ཡོད་པ་དེའི་ཁ་དོག་སེར་པོ་ཡིས་གསེར་མོ་ལྗོངས་མཚོན་ལ། སྔོན་པོས་བདེ་སྐྱིད་ཀྱི་སོག་རྫོང་མཚོན། དམར་པོས་མདའ་མོ་གཡང་རྫོང་མཚོན་ཞིང་། ལྗང་མདོག་གིས་ལྷད་མེད་ཀྱི་རྩེ་ཁོག་མཚོན་པ་ཡིན།

         མགོ་ལོག་ཁུལ་གེ་སར་རུ་ཁག་གི་རུ་རྟགས་ནི་གངས་རིའི་རྩེ་མོར་གླིང་རྗེ་གེ་སར་རྒྱལ་པོ་རྟ་མཆོག་ལ་བཅིབས་ནས་ལག་ཏུ་མཚོན་ཆ་བཟུང་བའི་རྣམ་པ་དེ་ཡིན། གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་དང་དཔའ་རྟུལ་སྙིང་སྟོབས་ཀྱི་འབྱུང་ཡུལ་དང་དར་ས། རྒྱུད་འཛིན་བྱེད་ས་བཅས་ཚང་མ་རྨ་ཡུལ་མགོ་ལོག་ཡིན་པས། དེས་མགོ་ལོག་རྐང་གྲུག་རུ་ཁག་གི་དཔའ་སྤོབས་དང་སྙིང་སྟོབས་མཚོན་ལ། གླིང་རྗེ་གེ་སར་རྒྱལ་པོའི་དཔའ་སྟོབས་དར་སྤེལ་གཏོང་དགོས་པ་མཚོན་ཡོད། བོད་ཡིག་གི་ཡིག་འབྲུ་ནི་རྒྱལ་ཡོངས་དངོས་མིན་ཤུལ་བཞག་རིག་གནས་ཏེ། མགོ་ལོག་ཁོ་ནར་ཡོད་པའི་སྡེར་ནང་ས་བྲིས་ཀྱི་ཡིག་གཟུགས་ཡིན་ལ།  རྒྱ་ཡིག་གི་མགོ་ལོག་ཁུལ་རྐང་གྲུག་མཐུན་ཚོགས་ཞེས་པའི་ནང་དོན་གྱི་ལོ་ཙཱ་ཡིན། སྒྲ་སྦྱོར་ཡི་གེ“GUOLUO FA”ཞེས་པ་ནི་མགོ་ལོག་གི་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ་དང་། Fནི་རྐང་གྲུག་གི་དབྱིན་ཡིག་གི་ཡིག་འབྲུ་ཐོག་མ་དང་། Aནི་ཨང་དང་པོ་ཡིན་པ་ལྟར་གསེར་གྱི་རྟགས་མ་མཚོན་པ་ཡིན། གཤམ་གྱི་རྐང་གྲུག་ལ་གཤོག་པ་བྲིས་པ་དེས་མགོ་ལོག་རྐང་གྲུག་རུ་ཁག་གི་ཕུགས་འདུན་ནི་རྒྱལ་ཁོངས་ལས་བརྒལ་ནས་འཛམ་གླིང་དུ་བསྐྱོད་པ་དང་། རྐང་གྲུག་ལ་གཤོག་པ་རྒྱས་པ་ལྟར་འབད་འབུངས་ཡར་བརྩོན་བྱེད་པ་མཚོན་ཡོད།

         ཡུས་ཧྲུའུ་ཁུལ་ནོར་གནག་རུ་ཁག་གི་རུ་རྟགས་ནི་གོང་དུ་གངས་རི་ཡོད་པ་དེས་མཐོ་སྒང་མཚོན་ཞིང་། གཤམ་གྱི་དམར་སེར་ལྗང་གསུམ་གྱི་ཁ་དོག་གིས་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་མཚོན་ལ། གཡག་མགོ་ཡིས་ནོར་གནག་མཚོན་པ་དང་། ཡུས་ཧྲུའུ་ལ་གནའ་ནས་བཟུང་གླུ་གར་གྱི་ཕ་ས་དང་ནོར་གནག་གི་ཕ་ཡུལ་ཞེས་པའི་མཚན་སྙན་ཡོད་པ་མཚོན།
         འགྲན་བསྡུར་དེ་འགྲན་མཚམས་གཉིས་སུ་བགར་ནས་སྤེལ་རྒྱུ་རེད།
         ཟླ5པའི་ཚེས18ཉིན་ནས་ཟླ7པའི་ཚེས14ཉིན་བར་འགྲན་མཚམས་དང་པོ་ཡིན་ལ། སྐོར་ཐེངས་སྔོན་མ7གྱི་འགྲན་བསྡུར་ཐེངས28སྤེལ་རྒྱུ་ཡིན་པ་དང་། ཟླ7པའི་ཚེས7ཉིན་མིན་ཡོན་གྱི་ཆེད་དམིགས་འགྲན་བསྡུར་སྤེལ་རྒྱུ་རེད།
         ཟླ7པའི་ཚེས15ཉིན་ནས་ཟླ8པའི་ཚེས9ཉིན་བར་ནི་འགྲན་བསྡུར་གྱི་ངལ་གསོའི་དུས་སྐབས་ཡིན་ལ། གྲོང་ཁྱེར་དང་ཁུལ་སོ་སོས་རང་དགར་གྱིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་ཁག་གི་རྐང་གྲུག་རུ་ཁག་དང་ཀོས་ཀྲོའུ་ཡི་སྡེ་བའི་རྐང་གྲུག་འགྲན་བསྡུར་རུ་ཁག་གདན་ཞུ་བྱས་ནས་མཚོ་སྔོན་དུ་འགྲན་བསྡུར་སྤེལ་ཆོག
         ཟླ8པའི་ཚེས10ཉིན་ནས་ཟླ9པའི་ཚེས22ཉིན་བར་ནི་འགྲན་མཚམས་གཉིས་པ་ཡིན་ཞིང་། སྐོར་ཐེངས་རྗེས་མ7གྱི་འགྲན་བསྡུར་ཐེངས28སྤེལ་རྒྱུ་ཡིན། རྒྱལ་སྟོན་དུས་ཆེན་སྐབས་སུ་ཤར་ཕྱོགས་མནའ་འབྲེལ་རུ་ཁག་དང་ནུབ་ཕྱོགས་མནའ་འབྲེལ་རུ་ཁག་གི་འགྲན་བསྡུར་སྤེལ་རྒྱུ་ཡིན། འགྲན་བསྡུར་མཇུག་སྒྲིལ་རྗེས། རུ་ཁག་གཅིག་བདམས་ནས་སྡེ་བའི་རྐང་གྲུག་འགྲན་བསྡུར་སོགས་ལ་ཞུགས་པའི་རུ་ཁག་དང་འགྲན་བསྡུར་སྤེལ་ཆོག
"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"འགྲན་བསྡུར་ཆེན་མོའི་འགྲན་རིམ།