ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

གླ་རྩིའི་དྲི་བསུང་རྒྱང་དུ་འཐུལ། ཕྱུག་འགྱུར་ལམ་བུའི་མདུན་ལྗོངས་ཡག

སྤེལ་དུས 2024-05-13 ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། རྩོམ་པ་པོ། གུ་རུ་སྐྱབས།

མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་གླ་བ་གསོ་སྤེལ་གྱི་ཕྱུག་འགྱུར་ལམ་བུ།

            ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་གླ་བ་གསོ་སྤེལ་ལས་གཞི་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གླ་བ་གསོ་སྤེལ་གྱི་གཞི་རྒྱ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ཁྱད་ལྡན་གསོ་སྤེལ་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་ལམ་བུ་ཞིག་བཏོད་དེ་ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་འགྱུར་གསང་ཨང་གསར་རྙེད་བྱུང་།

            མདོ་ལ་རྫོང་ནས་ལམ་དུ་ཆས་ཏེ་སྐར་མ་བཅུ་ལྷག་གི་རླངས་འཁོར་བཏང་ཚེ་མདོ་ལ་རྫོང་ཨ་རིག་ཡུལ་ཚོ་སིན་པའོ་གླ་རྩི་ལས་རིགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང(གཤམ་དུ་བསྡུས་མིང་ལ་མཉམ་ལས་ཁང་ཞེས་བརྗོད་རྒྱུ)དུ་ཐོན་ལ། དེ་ནི་མདོ་ལ་རྫོང་ནང་ཁུལ་གྱི་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི་ཆེད་ལས་མཉམ་ལས་ཁང་གཅིག་པུ་དེ་ཡིན། རིམ་གྱིས་བལྟས་ན་གཙང་ཞིང་གྲལ་དག་པའི་ར་བའི་ནང་དུ་སྙིང་རྗེ་བའི་གླ་བ་དག་ལ་ལ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད་ལ་ལ་ལ་ལྷིང་འཇགས་བག་གཡེང་གིས་རྒྱུ་བཞིན་ཡོད།


            ཝེ་ཞིས་པིན་ནི་མཉམ་ལས་ཁང་གི་འགན་འཁུར་བ་ཡིན་པ་དང་། མདོ་ལ་རྫོང་གི་གླ་བ་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་མཁན་དང་པོ་དེའང་ཡིན། གླ་བ་གསོ་སྤེལ་སྐོར་གླེང་སྐབས་ཝེ་ཞིས་པིན་གྱིས་མདོ་ལ་རྫོང་གི་རི་སྔོ་ཆུ་དྭངས་དང་སྔོ་ཁེབས་ཕུན་སུམ་ཚོགས་པོ་ཡོད་པས་གླ་བ་གསོ་སྤེལ་བྱ་རྒྱུར་འཚམ་པའི་གནས་མཆོག་ཅིག་རེད་ཅེས་བཤད། གླ་དར་མ་ཞིག་གིས་ལོ་རེར་གླ་རྩི་ཁེ20ཡས་མས་ཐོན་སྐྱེད་བྱེད་ཐུབ་པས་ཁྲོམ་རའི་མདུན་ལྗོངས་ཡག་པོ་ཡོད།

            2016ལོར། མདོ་ལ་རྫོང་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག ཝེ་ཞིས་པིན་ཧྲའན་ཞི་དང་སི་ཁྲོན་སོགས་སུ་རྟོག་ཞིབ་བྱེད་པར་ཐེངས་མང་བསྐྱོད་ལ། ཆ་རྐྱེན་འཛོམས་རྗེས་ཝེ་ཞིས་པིན་གྱིས་མདོ་ལ་རྫོང་ཨ་རིག་ཡུལ་ཚོ་ཀྱུ་ཡངས་འགག་སྡེ་བར་རྒྱ་ཁྱོན་མུའུ89ཡོད་པའི་གསོ་སྤེལ་ར་བ་བསྐྲུན། 2017ལོར་ཝེ་ཤིས་པིན་གྱིས་ཧྲའན་ཞི་ཞིང་ཆེན་ནས་གླ་བ40ལྷག་ཙམ་ཉོས་ཏེ་ཚོད་ལྟའི་གསོ་སྤེལ་ཐེངས་དང་པོ་བྱེད་མགོ་བརྩམས། ཝེ་ཞིས་པིན་གྱིས་བཤད་རྒྱུར། གླ་བ་ནི་ལྷན་སྐྱེས་ནས་སྙིང་ཆུང་ཡིན་པ་དང་ཁེར་སྡོད་ལ་དགའ་བ། འཚོ་བའི་ཁོར་ཡུག་གི་ཆ་རྐྱེན་མཐོ་བ། དེའི་མིན་ར་བའི་ནང་གསོས་པའི་གླ་བ་ལ་ནད་དུག་འགོས་སླ་བ་དང་དྲག་སྐྱེད་བྱུང་ཚད་དམའ་བས་གསོ་སྤེལ་གྱི་ཐོག་མའི་དུས་སུ་དཀའ་ངལ་ཧ་ཅང་མང་པོ་ཡོད།

ཉམས་མྱོང་མི་འདང་བའི་རྐྱེན་གྱིས་ཡུན་རིང་མ་སོང་བར་གླ་བ40ལྷག་ཙམ་ལ་ཁྲོད་ཕྱེད་ཀར་གོད་ཀ་ཕོག་པས་ཝེ་ཞི་པིན་ལ་ཡིད་ཕམ་སེམས་སྡུག་ཚད་མེད་བྱུང་ཡང་ཁོས་བློས་མ་བཏང་པར་གླ་བ་གསོ་སྐྱོང་ཡག་པོ་བྱ་ཆེད། ཝེ་ཞི་པིན་གྱིས་ཕྱོགས་ཡར་མར་དུ་ཉམས་མྱོང་བླངས་ཤིང་དཔེ་དེབ་ཐོག་གི་གསོ་སྤེལ་ལག་རྩལ་ལ་སློབ་སྦྱོང་བྱས་ཤིང་རྒྱུན་ཆད་མེད་པར་སློབ་སྦྱོང་དང་འཚོལ་ཞིབ་བྱས་ནས་ཁོང་གིས་གླ་བ་གསོ་སྤེལ་ལག་རྩལ་ཅུང་འཐུས་ཚང་ཞིག་ཕྱོགས་སྡོམ་བྱས།

            ཝེ་ཞི་པིན་གྱིས་བཤད་རྒྱུར།"ལྷས་རའི་ནང་གསོ་སྤེལ་བྱས་པའི་གླ་བ་ཉིན་ལྟར་ཉིན་རེར་གཟན་ཆས་ཐེངས་གཉིས་ལ་ཟ་དགོས་ཤིང་། གཟན་རྩྭ་མང་མི་དགོས་ཀྱང་ངེས་པར་དུ་གསར་བ་དང་སྣ་ཁ་མང་པོ་ཡོད་དགོས"ཟེར། ཀུ་ཤུ་དང་ལྷོ་ཀུབ། ལ་ཕུག སྣུམ་ཚལ། སྲན་སེར། མ་རྨོས་ལོ་ཏོག ལོ་མ་སྐམ་པོ་བཅས་ནི་གླ་བའི་ཟས་མཆོག་ཡིན། རྒྱུན་དུ་ཁོ་ཚོར་ཀུ་ཤུ་དང་ལྷོ་ཀུབ། ལ་ཕུག་སོགས་དུམ་བུར་གཏུབ་པ་དང་དེ་བཙོས་མའི་སྲན་སེར་དང་མ་རྨོས་ལོ་ཏོག་ལ་བསྲེས་ཏེ་ཕྱེ་མར་འཐག་རྗེས་སྡོང་ལོ་དང་རི་སྐྱེས་སྔོ་ཚལ་སྣ་ཚོགས་སྡེབ་སྒྲིག་བྱས་ནས་གསོ་དགོས།

            གླ་བའི་གཟན་ཆས་གང་ནས་ཡོང་བ་ཡིན་ནམ་ཞེས་དོགས་པ་སྐྱེས་དུས། ཝེ་ཞི་པིན་གྱིས་མཉམ་ལས་ཁང་གི་ལས་སྒྲུབ་མི་སྣས་གསོ་སྤེལ་ར་བའི་མཐའ་འཁོར་གྱི་ས་སྟོང་དུ་ལ་ཕུག་དང་ཚལ་ཀུབ་སོགས་སྔོ་ཚལ་བཏབ་ཡོད་པར་མ་ཟད། ད་དུང་ཧྲའན་ཞི་ཞིང་ཆེན་ནས་འབྲས་ཤིང་གི་ལོ་མ་སྣ་ཚོགས་ཉོ་སྒྲུབ་བྱས་ཏེ་གླ་བར་བཟའ་རྒྱུར་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས། གླ་བའི་གཅིན་སྐྱག་གིས་སྔོ་ཚལ་སྐྱེ་འཚར་ལ་རང་བྱུང་གི་ལུད་རྫས་མཁོ་འདོན་བྱས་ནས་དངོས་པོ་དང་ནུས་ཚད་འཁོར་སྐྱོད་བེད་སྤྱོད་ཐུབ་ཡོདཔ་ཤེས་སོང་།

            གསོ་སྤེལ་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་མཐའ་འཁོར་གྱི་མང་ཚོགས30ལྷག་ཙམ་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད། “ཁྱིམ་དུ་གླ་བ་གསོ་སྤེལ་བྱེད་པའི་བྱ་བ་རྙེད་ནས་དངུལ་རག་ཐུབ་པར་མ་ཟད། རྒན་རྒོན་དང་བྱིས་པར་ལྟ་སྐྱོང་བྱེད་རྒྱུར་ཡང་སྟབས་བདེ་བསྐྲུན་ཡོད”ཅེས་མཉམ་ལས་ཁང་དུ་བྱ་བ་སྒྲུབ་ནས་ལོ6འགོར་པའི་ཧུའུ་གོ་ཀྲིན་གྱིས་བཤད།

རང་རེའི་ཞིང་ཆེན་གྱིས་གླ་བའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པའི་སྲིད་ཇུས་ལ་བརྟེན་ནས་མཉམ་ལས་ཁང་གིས་རྒྱལ་ཁབ་ཀྱི་ཐོན་ལས་གཟིགས་སྐྱོང་སྲིད་ཇུས་སྤྱད་དེ་ཚན་རྩལ་འགག་སྒྲོལ་དང་གསར་གཏོད་འཕེལ་རྒྱས་ལ་བརྟེན་ནས"ཚན་ཞིབ+སྤྱི་གཉེར་ཁང+རྟེན་གཞི+ཞིང་དུད"བཅས་ཀྱི་གསོ་སྤེལ་བྱེད་སྟངས་སྤྱད་དེ་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་སུའོ། མཚོ་སྔོན་སློབ་ཆེན་སོགས་ཚན་ཁག་དང་མཉམ་ལས་གྲོས་མཐུན་བཞག གཟན་ཆས་ཞིབ་འཇུག་དང་རིམས་ནད་འགོག་བཅོས། གསོ་སྤེལ་ར་བ་འཛུགས་སྐྲུན། གསོ་སྤེལ་ལག་རྩལ་གསོ་སྐྱོང་སྦྱོང་བརྡར། ལག་རྩལ་ཁྲིད་སྟོན་སོགས་ཀྱི་ཐད་ནས་གླ་བའི་སྐྱེ་འཕེལ་ནུས་པ་དང་གླ་རྩི་ཐོན་ཚད་མཐོ་རུ་བཏང་སྟེ་དཔལ་འབྱོར་གྱི་ཕན་འབྲས་སྔར་ལས་ཆེན་པོ་ཐོན་པར་བྱས།

            གླ་བར"ཕྱུག་འགྱུར་གྱི་དྲི་ཞིམ"འཐུལ་བ་དང་ཝེ་ཞིས་པིན་གྱིས་ཇི་ལྟར་བྱས་ན་གླ་བའི་ཐོན་ལས་སྔར་བས་ཆེ་རུ་གཏོང་རྒྱུའི་ཐད་བསམ་གཞིག་དེ་བས་མང་པོ་བྱས་པ་རེད། ཐོན་ལས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་ཆེད་མཉམ་ལས་ཁང་གིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ལྦུ་སོབ་ཁུག་མ་སོགས་བསྐྱར་འགྱུར་ཐོན་རྫས་རབས་དང་རིམ་པ་གསར་སྤེལ་བྱས་ཏེ། མཉམ་ལས་ཁང་དེ་གླ་བ་གསོ་སྤེལ་རྐྱང་རྐྱང་ནས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཕྱིར་ཚོང་སོགས་སྔར་ལས་གནད་སྨིན་འཐུས་ཚང་གི་སྣ་མང་ཅན་གྱི་ལམ་བུའི་ཐོག་བསྐྱོད་དུ་བཅུག་ཡོད།

            མཉམ་ལས་ཁང་ལ་ཚད་ལྡན་ཅན་གྱི་ལྷས་ར400ལྷག་ཙམ་ཡོད་ལ་སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་གླ་བ310ལྷག་ཙམ་ཡོད། ལོ་རེར་གླ་རྩི་ཁེ5400ལྷག་ཙམ་ཐོན་ནས་ཡོང་སྒོ་ལོ་རེར་སྒོར་ཁྲི300ལྷག་ཙམ་ཐོན་རྒྱུ་རེད"ཅེས་བཤད། ཝེ་ཞིས་པིན་གྱིས་མ་འོངས་པར་མཉམ་ལས་ཁང་གིས་གླ་བ་གསོ་སྤེལ་གྱི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་བ་གླ་བ་གསོ་སྤེལ་ཐོན་ལས་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཞེས་བཤད།