ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ཁེ་སྤོགས་བགོ་བའི་དུས་སུ་སླེབས། དམངས་རྣམས་དགའ་བའི་འཛུམ་མདངས་གྲོལ།

སྤེལ་དུས 2024-05-13 ཡོང་ཁུངས། མཚོ་བྱང་བོད་ཡིག་ཚགས་པར། རྩོམ་པ་པོ། གུ་རུ་སྐྱབས།

            "ཁེ་སྤོགས་བགོ་ཐེངས་གཉིས་པར་ང་ལ་སྒོར15000བགོ་བཤའ་ཐོབ་པ་དང་ཁྱིམ་དུ་ཡང་ཡོང་སྒོ་ཡོད་པས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ། ཟླ4པའི་ཚེས29ཉིན། ད་ལོའི་ཆེས་གཙོ་བོའི་ཡོང་སྒོ་གླེང་སྐབས་ཆོས་རྒྱས་སྡེ་བའི་སྡེ་མི་ལྷ་དཔལ་རྒྱལ་གྱི་གདོང་ལ་འཛུམ་གྱིས་ཁེངས་ཤིང་།

            ཁོས་ཁྱིམ་གྱི་རྩྭ་ར་སྤྱི་ཆིང66.67དང་། ལུག80མཉམ་ལས་ཁང་དུ་མ་རྐང་བཞག་ནས་ན་ནིང་ལོ་མཇུག་ཏུ་ཁེ་སྤོགས་ཐེངས་གཅིག་བགོས་ཟིན་ལ། ད་དུང་ཁེ་སྤོགས་ཐེངས་གཉིས་པ་བགོ་རྒྱུ་ཡོད་པ་སེམས་སུའང་དྲན་མྱོང་མེད་ཟེར།

            མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཆོས་རྒྱས་སྡེ་བ་ནི་སྲོལ་རྒྱུན་གྱི་ཕྱུགས་ལས་སྡེ་བ་ཞིག་ཡིན་པའི་ངོས་ནས་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་ལས་སྡེ་བའི་ནང་ཐོན་ལས་གཞན་མེད་ལ། འབྲོག་པར་ཡོང་སྒོ་ཡོང་སའི་ཐབས་ལམ་གཞན་མེད་པས་ཡོང་སྒོ་འཕར་དཀའ་བ་དེ་སྡེ་བའི"ཨུ་ལྷན་གཉིས"ཀྱི་སེམས་ཁྲལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

            2023ལོར་གསོ་སྤེལ་ར་བའི་སྲོལ་རྒྱུན་གྱི་ནོར་ལུག་བཤས་གཏོང་བྱེད་སྟངས་ཀྱི་དུས་འཁོར་རིང་བ་དང་ཡོང་སྒོ་དམའ་བ། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་དོག་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་མཚོ་འཁྱིལ་ཡུལ་ཚོས་རྫོང་ཨུའི་ཞིང་ཕྱུགས་ལས་བཅོས་སྒྱུར་བྱ་བའི་བླང་བྱ་གཞིར་བཟུང་ཞིང་ཕྱུགས་ལས་བཅོས་སྒྱུར་གྱི"ཅན་ལྔ"དང"གཉེར་སྐྱོང་བྱེད་སྟངས་རིགས་ལྔ"ལ་བརྟེན་ནས་སྡེ་བ་སོ་སོས་རྣམ་པ་སྣ་མང་གི་གཉེར་སྐྱོང་བྱེད་སྟངས་སྤེལ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས།

            ཆོས་རྒྱས་སྡེ་བའི“ཨུ་ལྷན་གཉིས”ཀྱིས་སྡེ་མིའི་ཚོགས་ཆེན་སྒྲིག་འཛུགས་བྱས་ནས་ཞིབ་འཇུག་གྲོས་བསྡུར་བྱས་ཏེ་ཆོས་རྒྱས་སྡེ་བའི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་ལོ་རེར་སྒོར་ཁྲི25ཡི་རིན་གོང་བྱས་ནས་བྲག་ཐོ་ཁྲ་ལོག་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་ལ་བོགས་མར་བཏང་ནས་གཉེར་སྐྱོང་བྱ་རྒྱུ་དང་། ལོ་རེའི་བོགས་དངུལ་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུའི་ཐད་སྤྱོད་རྒྱུའི་གཏན་འབེབས་བྱས། 2023ལོའི་ཟླ4པར་མཉམ་ལས་ཁང་གིས་མ་རྐང་ནང་ཞུགས་མཁན་ཁྱིམ་ཚང13དང་མ་མོ805བསྡུ་ལེན་བྱས་ཏེ་རྩྭ་ར་སྤྱི་ཆིང706.67བསྡུ་སྒྲིལ་བྱས་པ་དེའང་ཁེ་སྤོགས་བགོ་ཐེངས་དང་པོ་རེད། འོན་ཀྱང་སྡེ་མི་ལ་ལས་མ་རྐང་ནང་ཞུགས་ན་ཁེ་བཟང་ལེན་མི་ཐུབ་པར་མ་ཟད་མ་དངུལ་སྐྱིན་ཚབ་འཇལ་བར་དོགས་ནས་ཐོག་མཐའ་བར་གསུམ་དུ་བལྟས་ནས་བསྡད།

            ཟླ4པའི་ཚེས29ཉིན། མཚོ་འཁྱིལ་ཡུལ་ཚོ་ཆོས་རྒྱས་སྡེ་བའི་བྲག་ཐོ་ཁྲ་ལོག་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་དུ་དགའ་སྤྲོའི་འདུ་འཛིས་རྒོད་ལ། ཁེ་སྤོགས་བགོ་བའི་ཡུལ་དངོས་སུ་སྡེ་མི་དག་གིས་ཕན་ཚུན་བར་ཡོང་སྒོའི་དགའ་སྤྲོ་ལོངས་སྤྱོད་བྱེད་བཞིན་ཡོད། མཉམ་ལས་ཁང་མི་རྣམས་ཀྱིས་རིམ་བཞིན་གྲལ་བསྒྲིགས་ནས་མིང་རྟགས་བཀོད་པ་དང་མཛུབ་ཐེལ་མནན་ཏེ་མཉམ་ལས་ཁང་གི་འགན་འཁུར་བས་སྤྲད་པའི་ཁེ་སྤོགས་བླངས་རྗེས་ཁོ་ཚོའི་གདོང་ལ་སྐྱིད་པོའི་འཛུམ་གྱིས་ཁེངས།

            བྲག་ཐོ་ཁྲ་ལོག་སྐྱེ་ཁམས་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་གི་ལས་འཛིན་དཔོན་ཕག་མོ་རྡོ་རྗེ་ཡིས་དགའ་སྤྲོའི་ངང་བཤད་རྒྱུར། "ན་ནིང་ཟླ10པར་ངས་ཟི་ལིང་གི་ཤམ་བྷ་ལ་རུ་ནོར་ལུག་ཤའི་སྐམས་ཤ་ཐད་ཚོང་ཁང་ཐོ་འགོད་དང་གཉེར་སྐྱོང་བྱ་རྒྱུའི་གཏན་འབེབས་བྱས་པ་དང'ཐོན་ཚོང་གཞི་གཅིག'གི་རྣམ་པ་བརྒྱུད་མཉམ་ལས་ཁང་གི་ཡོང་སྒོ་མང་དུ་བཏང་བས་ད་བར་ཚོང་གཉེར་ཡོང་སྒོ་སྒོར་ཁྲི144ཟིན་ཡོད"ཟེར། ཡོང་སྒོ་མཐོ་རུ་ཕྱིན་རྗེས་ཁོས་གདེང་ཚོད་དེ་བས་ཆེ་རུ་ཕྱིན་པར་མ་ཟད་སྡེ་མིར་ཚོར་དེ་བས་ཁེ་སྤོགས་མང་པོ་ཐོབ་ཏུ་བཅུག

མཚོ་འཁྱིལ་ཡུལ་ཚོའི་སྲིད་གཞུང་གི་ཞང་ཀྲང་ཚེ་རིང་ཐར་གྱིས་བཤད་རྒྱུར།“ད་ལྟ་སྡེ་བའི་ཏང་ཀྲི་པུའུ་ལ་སྒོར་མོ་ཡོད་པས་བྱ་བ་སྒྲུབ་པའི་ནུས་པ་ཆེ་རུ་ཕྱིན་ལ་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་གནད་དོན་དག་སྔོན་དང་བསྡུར་ན་ཇེ་ལེགས་སུ་ཕྱིན་ཡོད། ཁེ་སྤོགས་བགོ་ཐེངས་གཉིས་པ་མཇུག་སྒྲིལ་རྗེས་མང་ཚོགས་མི་ཉུང་བ་ཞིག་གིས་སྡེ་བའི‘ཨུ་ལྷན་གཉིས’བཙལ་ནས་རང་ཁྱིམ་གྱི་རྩྭ་རའམ་ནོར་ལུག་མཉམ་ལས་ཁང་དུ་ཞུགས་འདོད་ཡོད་ཟེར།             མང་ཚོགས་གང་མང་ཞིག་མཉམ་ལས་ཁང་དུ་ཞུགས་ནས་གཞི་ཁྱོན་ཆེ་རུ་ཕྱིན་རྗེས་སྡེ་བའི་འཕེལ་རྒྱས་དེ་བས་ཡག་པོ་འབྱུང་ངེས”ཞེས་བཤད། གྲོང་གསེབ་དར་སྤེལ་གཏོང་རྒྱུ་ནི་ཞིང་ལས་སྟོབས་ཆེར་གཏོང་བ་དང་གྲོང་གསེབ་མཛེས་སྡུག་ལྡན་པ། མང་ཚོགས་ཕྱུག་པོར་ཆགས་པ་བཅས་མངོན་འགྱུར་བྱེད་པའི་བྱ་གཞི་གལ་ཆེན་ཞིག་ཡིན་ཞིང་། མཚོ་འཁྱིལ་ཡུལ་ཚོས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་པ་དང་དུས་མཚུངས་སུ་ཆོས་རྒྱས་སྡེ་བའི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་ས་ཚིགས་ཀྱི་ལས་གཞི་འཛུགས་སྐྲུན་བརྩོན་ལེན་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་དར་སྤེལ་ལ་ནུས་པ་སྣོན་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོ་རུ་བཏང་འདུག

 

རྩོམ་སྒྲིག་པ། རིག་གྲོལ།