ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མངོན་མིན་རིག་གནས་ཤུལ་བཞག་གྲངས་འཛིན་ཅན་དུ་གྱུར་ནས་གསོན་ཤུཊ་རྒྱས།

སྤེལ་དུས 2024-05-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཚེས19ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་རིག་གནས་ཁང་གི་འགོ་འཛིན་ལྷ་མོ་སྒྲོལ་མས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཉེ་བའི་ལོ་ཤས་རིང་། རྫོང་དེས་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་གློག་པར་གཞི་དང་། མངོན་མིན་རིག་གནས་ཤུལ་བཞག་ཡིག་ཚགས་གྲངས་འཛིན་ཅན་དུ་བསྒྱུར་བ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་དྲ་ཐོག་ནས་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྩྭ་ཐང་ཐོག་གི་གླུ་གཞས་དང་སྒྲུང་བཤད་ཀྱི་ནང་དོན་ཡུན་རིང་ཉར་ཚགས་ཐུབ་པ་དང་། དྲ་རྒྱའི་སྟེགས་བུར་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གཞོན་ནུ་ཚོ་དང་ཐག་ཉེར་བཅར་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་གནང་འདུག

            ལྷ་མོ་སྒྲོལ་མས། རྨ་ཆུ་ནི“འབྲུ་རྡོག་གཅིག་རྐྱང་མི་ཐོན”པའི་འབྲོག་ལས་རྫོང་རྐྱང་པ་ཞིག་ཡིན་པ་དང་། འབྲོག་ལས་རྐྱང་པའི་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་ལས་བོད་རིགས་ཀྱི་དམངས་གཞས་དཀྲོལ་གཏོང་དང་། གེ་སར་སྒྲུང་བཤད་པ། གླང་རྭ་སྒྲ་སྙན་དཀྲོལ་གཏོང་། དིང་གླིང་དཀྲོལ་གཏོང་སོགས་རྣམ་པར་བཀྲ་བའི་མི་རིགས་རིག་གནས་ལ་བསྐྱངས་ནས་རྨ་ཆུ་ནི“བོད་རིགས་ཀྱི་དམངས་གཞས་དཀྲོལ་གཏོང་གི་ཕ་ས་ཡིན”ཞེས་པའི་མཚན་སྙན་ཡོད་ཅེས་གསུངས་པ་རེད།
            མིག་སྔའི་བར། རྨ་ཆུ་རྫོང་དུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས100ལྷག་ཙམ་ཡོད་པ་དང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་སོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན300ལྷག་ཙམ་ཡོད། རིག་གནས་ཁང་དེས་མངོན་མིན་རིག་གནས་ཤུལ་བཞག་ཁག་65གྲངས་འཛིན་ཅན་དུ་ལེགས་སྒྲིག་དང་འགྲེམས་སྟོན་བྱས་ཡོད།

            རང་ལོ58ལ་སླེབས་པའི་རྨ་ཆུ་རྫོང་ཉི་མ་གྲོང་རྡལ་གྱི་འབྲོག་པ་ཚེ་བཀྲ་ནི་ས་གནས་དེ་གའི་གེ་སར་སྒྲུང་གླུའི་རྒྱུན་འཛིན་བྱེད་མཁན་གྱི་གྲས་ཤིག་རེད། འབྲོག་ལས་གྲུབ་ཆར་འགྱུར་ལྡོག་ཕྱིན་པ་དང་ཐོན་སྐྱེད་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། མང་ཚོགས་ཀྱི་བརྒྱུད་སྤེལ་སྨྱན་སྦྱོར་ཉིན་བཞིན་ཁྱབ་གདལ་འགྲོ་བཞིན་པས། གེ་སར་གྱི་སྒྲུང་གླུ་རྒྱུན་འཛིན་བྱ་རྒྱུར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ལ། གྲངས་འཛིན་ཅན་གྱི་མངོན་མིན་ཤུལ་བཞག་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ་དེས་ད་གཟོད་ཁོང་གི་སེམས་ལྷོད་ལ་བབས་ཡོད་པ་རེད།
            ད་ཆ། ཚེ་བཀྲས་ད་དུང་སྐད་འཕྲིན་དྲ་རྒྱའི་སྟེགས་བུའི་ཐོག་སློབ་ཁྲིད་བྱེད་བཞིན་པ་དང་། མིག་སྔར་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ་སོགས་ས་ཁུལ་ནས་ཡོང་བའི་སློབ་མ30ལྷག་ཙམ་ཡོད།
            “ལོ་རབས80པའི་རྗེས”ཀྱི་སྐལ་བཟང་བསྟན་པ་ནི་རྨ་ཆུ་རྫོང་གི་གླང་རྭ་སྒྲ་སྙན་དཀྲོལ་གཏོང་གི་རྒྱུད་འཛིན་པ་མི་རབས་གཉིས་པ་ཡིན། ཁོང་གིས། གླང་རྭ་སྒྲ་སྙན་ནི་རྨ་ཆུ་རྫོང་ཁོ་ནར་ཡོད་པའི་རྒྱུད་ལྡན་རོལ་ཆ་ཞིག་ཡིན་ལ། རོལ་དབྱངས་ཀྱི་དབྱངས་རྟགས་དཀོན་པ་དང་གླང་རྭ་སྒྲ་སྙན་བཟོ་བའི་བཟོ་རྩལ་རྙོག་འཛིང་ཆེ་བས་སྒྱུ་རྩལ་དེ་རྒྱུན་འཛིན་བྱེད་མཁན་ཉུང་ཉུང་རེད་ཅེས་གསུངས།
            སྐལ་བཟང་བསྟན་པས། གྲངས་འཛིན་ཅན་ནི་མི་རིགས་སྒྱུ་རྩལ་གྱི་མཆོག་ནོར་ཆ་ཚང་ཉར་ཚགས་ཐུབ་པའི་ལམ་བུ་ཞིག་ཡིན་བརྗོད། ས་གནས་དེ་གའི་སྲིད་གཞུང་གི་རོགས་རམ་འོག རོལ་དབྱངས་4འོད་སྡེར་དུ་ཕབ་ནས་དྲ་རྒྱའི་སྟེགས་བུ་བརྒྱུད་རྒྱ་ཁྱབ་ངང་ཁྱབ་སྤེལ་བཏང་ཡོད། མིག་སྔར།  ཁོང་གིས་གླང་རྭ་སྒྲ་སྙན་གྱི་རོལ་དབྱངས་གསར་རྩོམ་བྱེད་བཞིན་ཡོད་པས་མི་དེ་བས་མང་བས་ཤེས་རྟོགས་དང་སློབ་སྦྱོང་བྱ་ཐུབ་རྒྱུ་ཡིན་པ་རེད།
            རྨ་ཆུ་རྫོང་རིག་གནས་ཁང་གིས། རིག་གནས་ཁང་དེས་ད་དུང་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་སྤེལ་ནས། སློབ་མ་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་དང་མངོན་མིན་རིག་གནས་སློབ་སྦྱོང་ཁང་དུ་བསྐྱོད་རྒྱུར་སྒྲིག་འཛུགས་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་གྱིས་སློབ་ཁྲིད་ཀྱིས་སྒྱུ་རྩལ་བརྒྱུད་སྤེལ་བྱས་ཐོག གཞོན་ནུ་དེ་བས་མང་བ་སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་ལ་དགའ་པོ་བྱེད་པ་དང་། མཇུག་ཏུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ་དང་། རྒྱུན་འཛིན་བྱེད་པ། དར་སྤེལ་གཏོང་བ་བཅས་ཀྱི་དཔུང་ཁག་ནང་ཞུགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།