ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱི་ཡིག་ཅུད་ལ་བཀྲ་ཤིས་བདེ་ལེགས་ཞུས་པ།
སྤེལ་དུས 2019-09-06
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། དབང་འདུས། བསྟན་འཛིན་འཇམ་དཔལ།
ཞི་ཅིན་ཕིང་གིས་ཕྱག་ཡིག་བསྐུར་གནང་ནས་ཀྲུང་གོ་ཕྱི་ཡིག་ཅུད་བཙུགས་ནས་ལོ་ངོ་70འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་སྐབས། རྒྱལ་སྤྱིའི་བརྒྱུད་བསྒྲགས་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། འཛམ་གླིང་ལ་དུས་རབས་གསར་པའི་ཀྲུང་གོ་ངོ་སྤྲོད་དེ་བས་ལེགས་པ་བྱ་དགོས་ཞེས་ནན་སྟོན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ཕྱི་ཡིག་ཅུད་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་ནས། རྒྱལ་སྤྱིའི་བརྒྱུད་བསྒྲགས་འཐབ་ས་དང་པོའི་ཐོག་ལས་བརྩོན་བྱེད་བཞིན་པའི་ཀྲུང་གོ་ཕྱི་ཡིག་ཅུད་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་། ཀྲུང་གོའི་རྒྱལ་སྤྱིའི་བརྒྱུད་བསྒྲགས་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་དང་གྲོགས་པོ་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་ཕྱག་ཡིག་ནང་། ལོ་ངོ་70ཡི་རིང་། ཀྲུང་གོ་ཕྱི་ཡིག་ཅུད་ཀྱིས་ཕྱི་ཕྱོགས་ལ་ཀྲུང་གོའི་འཕེལ་རྒྱས་འགྱུར་ལྡོག་ཕྱོགས་ཡོངས་ནས་ངོ་སྤྲོད་བྱེད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་གྲོགས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཀྲུང་གོའི་གསུང་སྒྲ་བརྒྱུད་བསྒྲགས་དེ་བས་ལེགས་པ་བྱ་རྒྱུའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དུས་བབ་གསར་པའི་འོག ཀྲུང་གོ་དང་འཛམ་གླིང་དབར་འབྲེལ་གཏུག་བྱ་རྒྱུ་སྔར་བས་དམ་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱི་ཡིག་ཅུད་ཀྱིས་ཅུད་དེ་བཙུགས་ནས་ལོ་ངོ་70འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས། རྒྱལ་སྤྱིའི་བརྒྱུད་བསྒྲགས་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འཛམ་གླིང་གི་རྩེར་སོན་དང་ཕྱོགས་བསྡུས་སྟོབས་ཤུགས་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་བརྒྱུད་བསྒྲགས་ལས་ཁུངས་འཛུགས་སྐྱོང་ཧུར་ཐག་བྱས་ཏེ། འཛམ་གླིང་ལ་དུས་རབས་གསར་པའི་ཀྲུང་གོ་ངོ་སྤྲོད་དེ་བས་ལེགས་པ་བྱེད་པ་དང་། མངོན་སུམ་དང་། ལངས་གཟུགས། ཆ་ཚང་བའི་ཀྲུང་གོ་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་པ་བརྒྱུད། ཀྲུང་གོ་འཛམ་གླིང་ཕྱོགས་སུ་བསྐྱོད་པ་དང་། འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་ཐུབ་པ་བྱ་རྒྱུའི་ཐད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
སྤྱི་ཚེས་4ཉིན་གྱི་སྔ་དྲོ། ཀྲུང་གོ་ཕྱི་ཡིག་ཅུད་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་བཀྲིས་བདེ་ལེགས་ཞུ་བའི་ཕྱག་ཡིག་སྒྲོག་སྦྱང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀྲིས་བདེ་ལེགས་ཞུ་བའི་ཕྱག་ཡིག་ཐོག་ནས་ཏང་ཀྲུང་དབྱང་གིས་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་མངོན་ཡོད་ལ། ཀྲུང་གོ་ཕྱི་ཡིག་ཅུད་ལ་རེ་བ་དང་མངགས་བཅོལ་གནང་བ་མངོན་ཡོད་པས། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ལེགས་པར་འཁུར་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བརྒྱུད་བསྒྲགས་དེ་བས་རྒྱ་ཆེ་དང་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུ། དམངས་སེམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་ཡོད།
ཀྲུང་གོ་ཕྱི་ཡིག་ཅུད་ཀྱི་འགན་འཁུར་བ་དང་རིགས་གཅིག་མཁས་པ། གཞོན་ནུ་ལས་བཟོ་བ། རྒྱལ་ཁོངས་ཕྱིའི་ལས་མི་བཅས་ཀྱི་འཐུས་མིས་གཏམ་བཤད་སྤེལ་ཡོད།
ཀྲུང་གོ་ཕྱི་ཡིག་ཅུད་ནི་དེ་སྔ་སྤྱི་ལོ་1949ལོའི་ཟླ་བ་10པའི་ཚེས1ཉིན་བཙུགས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་གསར་འགྱུར་སྤྱི་ཁྱབ་ཧྲུའུ་ཡི་རྒྱལ་སྤྱིའི་གསར་འགྱུར་ཅུད་ཅེས་པ་དེ་ཡིན་ཞིང་། ལོ་ངོ་70ཡི་གོང་འཕེལ་བརྒྱུད། མིག་སྔར་ཀྲུང་གོ་ཕྱི་ཡིག་ཅུད་ཀྱིས་རྒྱལ་ཁབ་དང་ས་ཁུལ་14ལ་ཕྱིར་སྡོད་ལས་ཁུངས་26བཙུགས་ཡོད་པ་དང་། ལོ་ལྟར་ཡིག་རིགས་40ཙམ་གྱི་དཔེ་དེབ་ཁག་4000ལྷག་དཔེ་སྐྲུན་བྱེད་པ་དང་། ཡིག་རིགས་13གྱི་དུས་དེབ་34རྩོམ་སྒྲིག་བྱེད་ཀྱི་ཡོད། དཔེ་དེབ་དེ་དག་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་180ལྷག་ལ་འགྲེམ་སྤེལ་བྱེད་ཀྱི་ཡོད་ཅིང་། དྲ་ཐོག་ལྟ་ཀློག་བྱེད་མཁན་ཡང་འཛམ་གླིང་ས་ཕྱོགས་ཁག་ལ་ཁྱབ་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།