ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་དྲུག་པའི་ཐོག་ནན་བཤད་འདི་ལྟར་གནང་།

སྤེལ་དུས 2022-01-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཟླ་1ཚེས་24ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སོ་དྲུག་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་གནས་ཀྱི་བླང་བྱ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ནས་བཏོན་པའི་འཐབ་ཇུས་ཀྱི་ཐབས་ཇུས་གལ་ཆེན་ཞིག་རེད། ང་ཚོས་ངེས་པར་དུ་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། “ཐཱན་གཉིས”དམིགས་ཚད་མངོན་འགྱུར་བྱེད་པའི་དགོས་གཏུགས་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གང་ལེགས་དང་། ཡག་པོ་སྒྲུབ་དགོས་པའི་གཙོ་གནད་ལས་དོན་ལ་ཞིབ་འཇུག བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་དང་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ང་ཚོས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་གྲུབ་ཆ་དང་ནུས་ཁུངས་གྲུབ་ཆ་ལེགས་སྒྲིག་ལ་མུ་མཐུད་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་ཉོ་ཚོང་བྱེད་འགོ་འཛུགས་པ། རྒྱལ་ཁབ་ཕྱིར་རྡོ་སོལ་དང་གློག་གི་རྣམ་གྲངས་བསྐྱར་དུ་མི་སྐྲུན་པའི་ཁྱབ་བསྒྲགས་བྱེད་པ། “ཐཱན་གཉིས”ཀྱི་སྲིད་ཇུས་མ་ལག་གང་མགྱོགས་འཛུགས་པ། གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་གྲོས་མོལ་ནང་ཧུར་ཐག་ཞུགས་པ་བཅས་བྱས་པས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་ཡོད།  “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱེད་པ་དེ་ནི་གཞན་གྱིས་ང་ཚོར་བསྒྲུབ་ཏུ་འཇུག་པ་ཞིག་མ་ཡིན་པར། དེ་ནི་ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་བསྒྲུབ་དགོས་པ་ཞིག་རེད། རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པས། “ཐཱན་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐོན་ཁུངས་ཁོར་ཡུག་ལ་ཚོད་འཛིན་ཕོག་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་། ལག་རྩལ་ཡར་ཐོན་གྱི་འཕེལ་ཕྱོགས་དང་བསྟུན་པ་དང་དཔལ་འབྱོར་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་བཅས་རེད། ང་ཚོས་ངེས་པར་དུ“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས“ཐཱན་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་འཕོ་འགྱུར་ཞིག་ཡིན་པ་ལས་དལ་དལ་ལྷོད་ལྷོད་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན། ང་ཚོས་འཐབ་ཇུས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་བཏང་སྟེ་མ་ལག་གི་འདུ་ཤེས་དེ“ཐཱན་གཉིས”ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་འབྲེལ་བ་ཆ་4ཐག་གཅོད་ཡག་པོ་བྱ་རྒྱུར་སྣང་ཆེན་བྱེད་དགོས་པ་སྟེ། གཅིག་ནི་འཕེལ་རྒྱས་དང་བཙོག་འབུད་ཉུང་གཏོང་དབར་གྱི་འབྲེལ་བ་ཡིན་ཞིང་། བཙོག་འབུད་ཉུང་གཏོང་ནི་ཐོན་སྐྱེད་ནུས་ཤུགས་ཆུང་དུ་གཏོང་བ་ཞིག་མིན་ལ་ཕྱིར་འབུད་མི་བྱེད་པ་ཞིག་ཀྱང་མིན་པར། དེ་ནི་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་བུར་བསྐྱོད་དེ་དཔལ་འབྱོར་འཕེལ་རྒྱས་ཁྲོད་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཕྱོགས་སྒྱུར་ཁྲོད་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་བྱེད་རྒྱུ་དེ་ཡིན། གཅིག་གྱུར་འཆར་འགོད་མཐའ་འཁྱོངས་ཀྱིས་ཐཱན་ཉུང་དུ་གཏོང་བ་དང་ཆབས་ཅིག་ནུས་རྒྱུའི་བདེ་འཇགས་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས། འབྲུ་རིགས་བདེ་འཇགས་བཅས་འགན་ལེན་བྱས་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་འགན་ལེན་བྱེད་དགོས། གཉིས་ནི་སྤྱི་ཡོངས་དང་ཆ་ཤས་དབར་གྱི་འབྲེལ་བ་ཡིན་ཞིང་། རྒྱལ་ཡོངས་བསམ་ཇུས་གཅིག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སྲིད་ཇུས་དང་བྱེད་ཐབས་འབྲེལ་མཐུད་དང་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་མཉམ་ཤུགས་ཤིག་ཆགས་པའི་འགན་ལེན་ཏན་ཏིག་བྱེད་དགོས་ལ། ས་ཁོངས་ཀྱི་ཐོན་ཁུངས་ཁྱབ་ཚུལ་དང་ཐོན་ལས་ལས་བགོས་ཀྱི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། ས་གནས་ཁག་གི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གི་ཁ་ཕྱོགས་དང“ཐཱན་གཉིས”ཀྱི་བྱ་སྤྱོད་འཆར་གཞི་ཞིབ་འཇུག་གཏན་འཁེལ་བྱས་ནས་གོམ་པ་མཉམ་སྤོ་དང“གཅིག་དཔེ་བརྒྱ་འགེབས”གཏན་ནས་བྱེད་མི་རུང་། གསུམ་ནི་ཡུན་རིང་གི་དམིགས་ཚད་དང་དུས་ཐུང་གི་དམིགས་ཚད་དབར་གྱི་འབྲེལ་བ་ཡིན་ཞིང་། མིག་སྔར་གཞི་ཚུགས་ནས་ཞིབ་ཕྲའི་གནད་དོན་ཏན་ཏན་ཏིག་ཏིག་ངང་ཐག་གཅོད་བྱས་ཏེ་རྒྱལ་ཁ་ཆུང་བསགས་ཆེ་གྱུར་ཡོང་བ་བྱེད་དགོས་ལ། མིག་རྒྱང་རིང་དུ་བལྟས་ནས་མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམས་པ་དང་འཕྲལ་མར་འགྲུབ་རེ་བྱེད་པའི་བསམ་བློ་ཁྱད་བསད་ཀྱིས་ཐཱན་ཉུང་གཏོང་གི་གོམ་སྟབས་དང་ཤུགས་ཚད་སྟངས་འཛིན་ཡག་པོ་བྱས་ཏེ་དངོས་ཐོག་བདེན་འཚོལ་དང་། རིམ་བགྲོད་གོང་འཕེལ། རྒྱུན་མཐུད་ཤུགས་འདོན་བཅས་ཀྱང་བྱེད་དགོས། བཞི་ནི་སྲིད་གཞུང་དང་ཁྲོམ་རའི་དབར་གྱི་འབྲེལ་བ་ཡིན་ཞིང་། ཕྱོགས་གཉིས་ནས་ཤུགས་འདོན་མཐའ་འཁྱོངས་ཀྱིས་མདུན་ལམ་ལྡན་པའི་སྲིད་གཞུང་དང་ནུས་པ་ལྡན་པའི་ཁྲོམ་ར་ཟུང་འབྲེལ་དེ་བས་ལེགས་པ་བྱ་རྒྱུར་སྐུལ་འདེད་བཏང་ནས། “ཐཱན་གཉིས”ཀྱི་ལས་དོན་གྱི་ལྕག་སྐུལ་ཚོད་འཛིན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
          ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། “ཐཱན་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱལ་ཡོངས་གཅིག་གྱུར་འཆར་འགོད་དང་། གྲོན་ཆུང་སྔོན་ལ་འཇོག་པ། ཕྱོགས་གཉིས་ནས་སྐུལ་འདེད་གཏོང་བ། ཕྱི་ནང་ཤར་བགྲོད་ཐུབ་པར་བྱེད་པ། ཉེན་ཁ་འགོག་ཟོན་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ཆ་རྐྱེན། ལག་རྩལ་གྱི་མི་མངོན་པའི་ནུས་པ། ཁྲོམ་རའི་གསོན་ཤུགས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་གྲུབ་ཆ་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས། བར་མཐོངས་རྣམ་པ་བཅས་མགྱོགས་མྱུར་ཆགས་པར་བྱེད་དགོས་ཤིང་། གཅིག་ནས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ཐོན་ལས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པ། བཞི་ནས་ལྗང་མདོག་ཐཱན་ཉུང་གི་ཚན་རྩལ་གསར་བརྗེ་བྱེད་མགྱོགས་སུ་གཏོང་དགོས་པ། ལྔ་ནས་ལྗང་མདོག་ཐཱན་ཉུང་གི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། དྲུག་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་སྣེ་ཁྲིད་བྱེད་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གིས“ཐཱན་གཉིས”ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་དཔྱད་དཔོག་ནན་པོ་བཅས་བྱས་ཏེ་ལས་ཀའི་མཉམ་ཤུགས་ཤིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་གྱིས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས“ཐཱན་གཉིས”ཀྱི་ལས་དོན་གྱི་འབྲེལ་ཡོད་དམིགས་ཚད་ས་ཁུལ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་གདེང་འཇོག་མ་ལག་ནང་བཅུག་སྟེ། དཔྱད་དཔོག་བྱེད་དབང་གི་གལ་ཆེའི་རང་བཞིན་ཆེ་རུ་གཏོང་བ་དང་དམིགས་ཚད་ཀྱི་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས“ཐཱན་གཉིས”ཀྱི་རྨང་གཞིའི་ཤེས་བྱ་དང་། མངོན་འགྱུར་ཐབས་ལམ། ལས་ཀའི་བླང་བྱ་བཅས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། དངོས་འབྲེལ་སློབ་སྦྱོང་དང་། དངོས་འབྲེལ་རྟོགས་པ། དངོས་འབྲེལ་ཤེས་པ། དངོས་འབྲེལ་སྤྱོད་ཐུབ་པ་བཅས་བྱེད་དགོས། “ཐཱན་གཉིས”ཀྱི་ལས་དོན་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མ་ལག་གི་ནང་དོན་གལ་ཆེན་ལ་བརྩིས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་དགོས།
རྩོམ་སྒྲིག་པ། སངས་སྐྱབས།