ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ།

སྤེལ་དུས 2022-01-27 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
འདི་ནི་ཟླ་1ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པཱ་ཧོ་དང་མཇལ་འཛོམས་གནང་བ་རེད།
          ཞི་ཅིན་ཕིང་གིས་དེ་རིང་ནི་ཀྲུང་གོའི་ལུགས་རྙིང་ལོའི་ལོ་ཆུང་ཡིན་པ་དང་ཉིན་ཤས་འདས་རྗེས་ལོ་གསར་གཏོང་རྒྱུ་ཡིན་པས་ཁྱེད་ཀྱིས་འདི་ལོ་ང་ཚོ་དང་མཉམ་དུ་ལོ་གསར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་བསྟན་གནང་དོན། ལོ་6ལྷག་ཙམ་གྲ་སྒྲིག་བྱས་པ་བརྒྱུད་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་བྱུང་ནས་དུས་བཀག་དང་ཁ་ཆད་ལྟར་བདེ་བླག་ངང་གཉེར་གྲབས་ཡོད། ང་ཚོས་ཁས་ལེན་ལག་བསྟར་བྱས་ཏེ་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ལྟད་མོ་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་སྟོན་རྒྱུ་ཡིན། དེ་ནི་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་དུས་བཀག་ལྟར་གཉེར་བའི་གོ་ལ་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཐེངས་དང་པོ་དེ་ཡིན་པས“དེ་བས་མྱུར་བ་དང་། དེ་བས་མཐོ་བ། དེ་བས་སྟོབས་ལྡན—དེ་བས་མཐུན་སྒྲིལ”བཅས་ཀྱི་ཨོ་ལིམ་ཕིག་གི་ལེགས་བཤད་གསར་པའི་ལེགས་གྲུབ་ལྡན་པའི་ལག་ལེན་ཞིག་རེད།
          ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་ཀྲུང་གོ་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཡང་ཐོབ་ཡོད། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་རྒྱལ་ཁབ་དང་ས་ཁུལ་90ཙམ་གྱི་ལུས་རྩལ་པ་3000ལྷག་ཙམ་ཞུགས་རྒྱུ་ཡིན་པ་དང་དེ་ནི་རྣམ་གྲངས་དང་གསེར་གྱི་རྟགས་མ་ཐོན་མང་ཤོས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་ཡིན་པས། ལུས་རྩལ་པ་དེ་བས་མང་བས་དེ་གར་ཁོང་ཚོའི་ཕུགས་འདུན་འགྲུབ་ཆེད་གོ་སྐབས་མཁོ་འདོན་བྱ་རྒྱུ་རེད། ང་ཚོས་ལུས་རྩལ་པ་ལྟེ་བར་བྱས་ཏེ་ལུས་རྩལ་ཐང་དང་ཁང་གི་སྒྲིག་བཀོད་སོགས་མཁྲེགས་ཆས་དང་མཉེན་ཆས་འགན་ལེན་གང་ཐུབ་བྱས་ཏེ་ཕྱོགས་ཡོངས་ནས་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན། ང་ཚོས་འགྲན་ཞུགས་པ་དང་དེ་བཞིན་འབྲེལ་ཡོད་མི་སྣ་དང་ཀྲུང་གོའི་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་འགན་ལེན་ཐུབ་རྒྱུར་རྦད་དེ་ཡིད་ཆེས་ཡོད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེ་སྔ་ཨོ་རྩལ་འགྲན་ཚོགས་གཉེར་བའི་རེ་ཞུ་ཕུལ་སྐབས་ད་ཐེངས་ཀྲུང་གོས་ཨོ་རྩལ་འགྲན་ཚོགས་གཉེར་བའི་དམིགས་ཡུལ་ཆེ་ཤོས་ནི་མི་འབོར་དུང་ཕྱུར་3གངས་འཁྱགས་ལུས་རྩལ་ནང་ཞུགས་པར་སྐུལ་ཁྲིད་བྱ་རྒྱུ་དེ་ཡིན་ཞེས་ངས་བཏོན་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་འདུན་པ་དེ་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱུང་སོང་། “གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན་པ”དང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་དེས་ད་དུང་ཀྲུང་གོའི་གངས་འཁྱགས་ལུས་རྩལ་གྱི་ཐོན་ལས་དང་གངས་འཁྱགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད། ཀྲུང་གོས་2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་2014ལོའི་ནན་ཅིང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས། 2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བཅས་སྔ་རྗེས་སུ་གཉེར་ནས། ཨོ་ལིམ་ཕིག་ལུས་རྩལ་ཐད་ཀྱི་ཀྲུང་གོའི་མི་དམངས་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ་དང་ཀྲུང་གོའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག གོ་ལ་ཧྲིལ་པོར་ཨོ་ལིམ་ཕིག་ལུས་རྩལ་གྱི་སྙིང་སྟོབས་བརྒྱུད་སྤེལ་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད། ཨོ་ལིམ་ཕིག་ལུས་རྩལ་གྱིས་དར་སྤེལ་བཏང་བའི“དེ་བས་མཐུན་སྒྲིལ་བྱེད་དགོས”ཞེས་པ་དེ་ནི་དེང་གི་དུས་རབས་སུ་དགོས་མཁོ་ཆེ་ཤོས་དེ་རེད། འཛམ་གླིང་གི་རྒྱལ་ཁབ་ཁག་གིས་གྲུ་ཆུང་190ལྷག་ཙམ་དུ་སོ་སོར་སྡོད་པ་ལས་གྲུ་གཟིངས་ཆེན་པོ་གཅིག་ཏུ་མཉམ་དུ་བསྡད་དེ་ཐུན་མོང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུས་ཚེ་དེ་བས་ལེགས་པ་ཡོད་སྟབས་ང་ཚོས“མཉམ་དུ་འབྱུང་འགྱུར་ལ་ཕྱོགས་དགོས”ཞེས་པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་ལིམ་ཕིག་ལུས་རྩལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན། ངས་སྐུ་ཉིད་དང་མཉམ་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་འཛུགས་པའི་དུས་སྐབས་གལ་ཆེན་དེ་བདེན་དཔང་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།