ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད།

སྤེལ་དུས 2022-06-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
—— སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཀུའེ་ཀྲོའུ་ཡི་ལེའུ།
  
འདི་ནི་ཆན་ཤིས་གྲོང་ཁྱེར་ཧྭ་ཝུའུ་གྲོང་ཚོ་མཱ་ཝོ་གྲོང་སྡེའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཡིན་པ།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་ཐེངས་གཉིས་གནང་སྟེ་ཀུའེ་ཀྲོའུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཡོངས་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་རྒྱང་ལམ་གསར་པར་ཡག་པོ་བསྐྱོད་རྒྱུར་ཁྲིད་སྟོན་གནང་ཡོད།
  སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་བཅངས་ནས་ཀུའེ་ཀྲོའུ་ཡི་མི་དམངས་ཚོས་གོམ་ཞེང་ཆེན་པོས་རྒྱང་ལམ་གསར་པར་བསྐྱོད་དེ་རི་སྔོན་ཆུ་དྭངས་སྲུང་སྐྱོང་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། གྲངས་འཛིན་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་སེར་ཕྱུག་པོ་དང་སྐྱེ་ཁམས་མཛེས་པའི་ཀུའེ་ཀྲོའུ་ཡི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་རྒྱུན་ཆད་མེད་པར་བཏོད་ཡོད།
  “དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས”
  ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་ཧྭ་མའོ་གྲོང་ཚོའི་གྲོང་མི་ཝང་ཀྲེང་ཆང་གི་ཞིང་པའི་སྤྲོ་སྐྱིད་ཁང་གི་སྒོ་ར་ཆུང་ངུར་སྐྱོད་སྐབས་སྒོ་འགྲམ་གྱི་འཛུམ་ཞལ་གྱང་ཐོག་སྦྱར་བའི་འཛུམ་མདངས་འཕྱུར་བཞིན་པའི་གྲོང་མི་ཚོའི་པར་རིས་མཐོང་ཐུབ།
  ཧྭ་མའོ་གྲོང་ཚོ་ནི་སྔོན་མ“མཐའ་འཁོབ་གྲོང་ཚོ”ཞེས་འབོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། 2015ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་བརྟག་ཞིབ་གནང་སྐབས། ཧྭ་མའོ་གྲོང་ཚོའི་ཡུལ་མི་ཚོར་འཚོ་བ་སྐྱིད་པོ་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད། དབུལ་ཕོངས་ལ་སྐྲག་དགོས་མེད། ཡིད་ཆེས་དང་ཆོད་སེམས་ཡོད་ན། ཁྱད་བསད་མི་ཐུབ་པའི་དཀའ་ངལ་མེད་ཅེས་གསུངས་པ་རེད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཉེ་བའི་ལོ་ཤས་རིང་ཧྭ་མའོ་གྲོང་ཚོས་སྐྱེ་ཁམས་ཡུལ་སྐོར་དང་ཞིང་ལས་དང་། རིག་གནས། ཚོང་ལས་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་གཉེར་སྐྱོང་དུད་ཚང་100ལྷག་ཙམ་འཕེལ་རྒྱས་བཏང་བར་བརྟེན་2019ལོའི་ལོ་མཇུག་ཏུ་ཧྭ་མའོ་གྲོང་ཚོའི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད།
  ཀུའེ་ཀྲོའུ་ཡི་དབུལ་སྒྲོལ་ལས་དོན་དང་དེ་བཞིན་འཕེལ་རྒྱས་ཀྱི་གནད་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རྟག་ཏུ་ཐུགས་ཁྲལ་གནང་ས་ཞིག་རེད། 2014ལོའི་ཟླ་3ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ནས“དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་དམ་འཛིན་དང་དམ་འཛིན་སླར་ཡང་དམ་འཛིན་བྱེད་པ་དང་ཏན་ཏིག་དང་ཏན་ཏིག་སླར་ཡང་ཏན་ཏིག་ངང་བསྒྲུབས་ནས་ས་ཁུལ་དབུལ་པོའི་མང་ཚོགས་ལ་རྒྱུན་ཆད་མེད་པར་ཕན་པ་དངོས་ཐོབ་པ་བྱེད་དགོས”ཞེས་གསུངས་པ་རེད།
  ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ཐ་སྐྱོང་འགན་ལེན་ལག་བསྟར་བཅས་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། ཀུའེ་ཀྲོའུ་ཡི་མང་ཚོགས་ཁྲི་192རི་ཁུལ་ནས་སྤོས་པ་དང་། མི་ཁྲི་740ལྷག་ཙམ་གྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ། གྲོང་གསེབ་ཏུ་གཞུང་ལམ་སྤྱི་ལེ་ཁྲི་7.87བསྐྲུན་པ་བཅས་བྱས་པ་མ་ཟད། 2020ལོའི་ཟླ་11པར། ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རྫོང་དབུལ་པོ་ཚང་མ་དང་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།
  2021ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་མེའོ་རིགས་གྲོང་སྡེའི་ཧྭ་ཝུའུ་གྲོང་ཚོར་ཕེབས་ཏེ“འབྱོར་འབྲིང་མངོན་འགྱུར་བྱུང་བ་དེ་མཇུག་སྒྲིལ་བ་ཞིག་མིན་པར། འགོ་འཛུགས་ས་གསར་པ་ཞིག་ཡིན”ཞེས་གསུངས་པ་མ་ཟད། “དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་གཏན་ལ་འཁེལ་བའི་དམིགས་ཚད་ལྟར་ཏན་ཏན་ཏིག་ཏིག་ངང་སྒྲུབ་དགོས”པའི་བླང་བྱའང་བཏོན་གནང་བ་རེད།
  “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་མེའོ་རིགས་ཀྱི་འཚེམ་དྲུབ་འཕེལ་རྒྱས་ཡག་པོ་གཏོང་དགོས་པའི་ལྕག་སྐུལ་གནང་བས། མེའོ་རིགས་ཀྱི་འཚེམ་དྲུབ་འཕེལ་རྒྱས་གཏོང་བའི་ངའི་ཆོད་སེམས་བརྟན་དུ་ཕྱིན་སོང”ཞེས་ཧྭ་ཝུའུ་གྲོང་ཚོའི་གྲོང་མི་ཕེང་དབྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ཉིན་མེའོ་རིགས་ཀྱི་ཁྱད་ལྡན་འཚེམ་དྲུབ་ལ་རྟོག་ཞིབ་གནང་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་སེམས་འགུལ་ཐེབས་བཞིན་བརྗོད། ཁོང་གིས་ངས་མེའོ་རིགས་ཀྱི་འཚེམ་དྲུབ་ཀུང་སི་བཙུགས་ནས་གྲོང་མི་30ལྷག་ཙམ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་བྱས་ཡོད་ཅེས་བརྗོད།
  2021ལོར་ཧྭ་ཝུའུ་གྲོང་ཚོས་གྲོང་གསེབ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། མང་ཚོགས་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པར་སྣེ་ཁྲིད་བྱས་པས་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་ཡོད། 2021ལོའི་ལོ་མཇུག་ཏུ་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་ཁྲི་1.93ཟིན་ཡོད།
  “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཡོངས་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་ཡག་པོ་སྲུང་དགོས”
  2015ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་བརྟག་ཞིབ་གནང་སྐབས། ཀུའེ་ཀྲོའུ་ཡིས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་བསྲུངས་ནས་མ་འོངས་པའི་ལེགས་ཆ་སྐྱེད་སྲིང་དང་མ་འོངས་པར་རྗེས་སྙེག་ཧུར་ཐག་བྱས་ཏེ་ཤར་རྒྱུད་དང་མི་འདྲ་བ་དང་ནུབ་རྒྱུད་ཞིང་ཆེན་གཞན་དག་དང་མི་འདྲ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་དགོས་པའི་བླང་བྱ་བཏོན་པ་རེད།
  ཝུའུ་ཅང་གཙང་པོའི་སྐྱེ་ཁམས་སྲུང་སྐྱོང་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས། སེམས་ཐག་གཙང་བཅད་ཀྱིས་ཝུའུ་ཅང་གཙང་པོའི་འགྲམ་གྱི་ལིན་རྫས་འགྱུར་བཟོ་ལས་ཀྱི་སྦགས་བཙོག་བཅོས་སྒྲིག་དང་། འཚོ་བའི་སྦགས་བཙོག་གི་འབྱུང་ཁུངས་དོ་དམ་ཚོད་འཛིན། ཕྱོགས་ཡོངས་ནས་ཆུ་རྒྱ་བསྡམས་པ་བཅས་བྱས་ཡོད། 2021ལོར་ཝུའུ་ཅང་གཙང་པོའི་ཆུ་གཞུང་ཨ་མའི་ཆུ་སྤུས་IIརིགས་ཀྱི་ཚད་གཞིར་སླེབས་པ་དང་འབབ་རྒྱུད་ཀྱི་ཆུ་སྤུས་སྤྱིར་ན་ལེགས་པོ་ཡོད་པ་རེད།
  ཉེ་བའི་ལོ་ཤས་རིང་ཀུའེ་ཀྲོའུ་ཡིས་ཆུ་དང་། སོལ་རླངས། ས་བཅས་ཀྱི་བཅོས་སྒྲིག་ལ་ཐབས་མང་མཉམ་སྤྱོད་རབ་དང་རིམ་པ་བྱས་པས། ཞིང་ཆེན་ཡོངས་ཀྱི་ས་ངོས་ཀྱི་ཆུ་སྤུས་སྤྱིའི་ཆ་ནས་ལེགས་པོ་ཡོད་ཅིང་། ཆུ་བོ་གཙོ་བོའི་ལྟ་ཞིབ་ཚད་ལེན་གྱི་ཆུ་སྤུས་ལེགས་པའི་བསྡུར་ཚད་97.1%ཟིན་པ་དང་ལྟེ་བའི་གྲོང་ཁྱེར་9ཡི་མཁའ་རླུང་སྤུས་ཚད་སྟོན་གྲངས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཆ་སྙོམས་98.4%ཟིན་ཡོད།
  2021ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཡོངས་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་ཡག་པོ་སྲུང་དགོས་པའི”བླང་བྱ་བཏོན་གནང་བ་མ་ཟད། “གསར་གཏོད་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་དམིགས་ཏེ་གྲངས་གཞི་ཆེན་པོ་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས”ཞེས་གསུངས་པ་རེད།
  རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་ནས“ཀྲུང་གོའི་འཇིག་རྟེན་མིག”གི་ལས་གྲྭར་གཟིགས་ཞིབ་གནང་ནས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ནན་རེན་ཏུང་སོགས་ཕུལ་བྱུང་ཚན་རིག་མཁས་ཅན་མིག་དཔེར་བཟུང་ནས་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་དང་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་འཕེལ་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།
  ཀུའེ་ཀྲོའུ་ཞིང་ཆེན་གྲངས་གཞི་ཆེན་པོའི་འཕེལ་རྒྱས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལོའུ་སུང་གིས། ཀུའེ་ཀྲོའུ་ཡིས་གོམ་སྟབས་རྗེས་མར་གྲངས་གཞིའི་ལྟེ་གནས་དང་། རིག་ནུས་མཐའ་སྣེ། གྲངས་གཞི་བཀོལ་སྤྱོད་བཅས“དུང་ཕྱུར་སྟོང་རིམ་པའི་གཙོ་ཁྲིད་ཐོན་ལས་འདུ་ཚོགས་གསུམ”གཏོད་པ་དང་རྒྱལ་ཡོངས་ཀྱི་གྲངས་གཞི་མཉམ་འདྲེས་གསར་གཏོད་དཔེ་སྟོན་མཐོ་ས་དང་། གྲངས་གཞིའི་རྩིས་རྒྱག་ཞབས་ཞུའི་མཐོ་ས། གྲངས་གཞི་བཅོས་སྐྱོང་མཐོ་ས་བཅས་སྐྲུན་གྱི་ཡིན་ཞེས་བརྗོད།
  “དུས་རབས་གསར་པའི་རྒྱང་ལམ་དུ་ཡག་པོ་སྐྱོད་དགོས”
  2015ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་བརྟག་ཞིབ་གནང་སྐབས། ཙུན་དབྱིའི་གྲོས་ཚོགས་འཚོགས་ཡུལ་དང་ཙུན་དབྱིའི་གྲོས་ཚོགས་བཤམས་སྟོན་ཁང་ལ་གཟིགས་སྐོར་གནང་ནས། “ང་ཚོས་ཙུན་དབྱིའི་གྲོས་ཚོགས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་ཡག་པོ་སྤྱད་དེ། ཙུན་དབྱིའི་གྲོས་ཚོགས་ཀྱི་དགོངས་དོན་གྱི་འོད་སྟོང་ནམ་ཡང་འཕྲོ་བར་བྱེད་དགོས”ཞེས་གསུངས་པ་རེད།
  2021ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། “རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཙུན་དབྱིའི་གྲོས་ཚོགས་ཀྱི་དགོངས་དོན་ལས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འོས་འགན་གཏིང་ཟབ་ཚོར་བར་བྱེད་དགོས” “དུས་རབས་གསར་པའི་རྒྱང་ལམ་དུ་ཡག་པོ་སྐྱོད་དགོས”ཞེས་ནན་བཤད་གནང་བ་རེད།
  “གཞི་རིམ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་འབྱོར་ལྡན། གཞི་རིམ་བདེ་འཇགས་ལྡན་ན་གནམ་འོག་བདེ་ལ་འཁོད” ཀུའེ་དབྱང་གྲོང་ཁྱེར་ཀོན་ཧྲན་མཚེའུ་ཁུལ་ཅིན་ཡོན་སྡེ་ཁུལ་སྒོ་འགྲམ་གྱི་ཕ་བོང་ཆེན་པོ་ཞིག་གི་ངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2021ལོའི་ཟླ་2པར་དེ་གར་རྟོག་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་བརྐོས་ཡོད།
  “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་རྩ་འཛུགས་དང་དམངས་ཕན་ཞབས་ཞུའི་ལྟེ་གནས་ཡག་པོ་སྐྲུན་དགོས” ཅིན་ཡོན་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡོན་ཆིན་གྱིས། ཉེ་ཆར་སྡེ་ཁུལ་དུ“དོན་གྲོས་ཁང”དང་། རྒན་གསོའི་ཞབས་ཞུའི་ས་ཚིགས། རྒན་རྒོན་གྱི་སློབ་གྲྭ་སོགས་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་བྱ་སྤྱོད་དུ་དོན་འཁྱོལ་ཞིབ་ཕྲ་བྱས་ཡོད་ཅེས་བརྗོད།
  གཞི་རིམ་བཅོས་སྐྱོང་གི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་ཆེད། ཀུའེ་ཀྲོའུ་ཞིང་ཆེན་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ལྟེ་གནས་གཅིག་དང་། དྲ་མིག་གཅིག གཉིས་ལྡན་དུད་སྦྲེལ་བཅུའི”ལམ་སྲོལ་འཛུགས་པར་སྐུལ་འདེད་བཏང་ཡོད། “ལྟེ་གནས་གཅིག”ནི་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་ཟེར་བ་དང་། “དྲ་མིག་གཅིག”ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དྲ་མིག་ལ་ཟེར་བ། “གཉིས་ལྡན་དུད་སྦྲེལ་བཅུ”ནི་བལྟོས་བཅས་ཀྱིས་གཅིག་སྡུད་བྱས་པའི་གྲོང་ཚོའི(ཡུལ་མི)དུད་ཚང་བཅུ་ལ་གཞིགས་ནས་དབྱེ་བའི་མཉམ་འགོག་མཉམ་བཅོས་ཀྱི་ཞབས་ཞུའི་ཚན་པར་ཟེར་གྱི་ཡོད།
  “ཤ་ཚལ་སྒོང་གསུམ”དང་། “ཟ་འབྲུ” “ཤིང་འབྲས”བཅས་ནི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་ཐད་ཀར་འབྲེལ་བ་ཡོད། ཀུའེ་དབྱང་གྲོང་ཁྱེར་ཀོན་ཧྲན་མཚེའུ་ཁུལ་གྱི་མཉམ་ཤུགས་དམངས་ཕན་སྒོ་རྩིས་ཚོང་ཁང་དབྱང་ཀོན་ཚོང་ཁང་གི་སྒོར“སྒོར་གཅིག་སྔོ་ཚལ་ཆེད་ཁུལ”ཀྱི་པད་ཚལ་དང་། ལ་ཕུག ལོ་སྒོར་པད་ཚལ་སོགས་རྒྱུན་དུ་གོང་ཆུང་ཆུང་བྱས་ནས་འཚོང་གི་ཡོད། 2021ལོའི་ཟླ་2པར་ཚོང་ཁང་དེར་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཉམ་ཤུགས་དམངས་ཕན་སྒོ་རྩིས་ཚོང་ཁང་གིས“ཁེ་བཟང་ཆུང་ངུའི་གཉེར་སྐྱོང་མཐའ་འཁྱོངས་བྱས་ནས་ཞིང་པ་དང་གྲོང་མིར་ཕན་པ་སྐྲུན་པའི”གཉེར་སྐྱོང་བྱེད་ཐབས་དེར་གདེང་འཇོག་གང་ལེགས་གནང་བ་རེད།
  ཀུའེ་ཀྲོའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གཞིར་བཟུང་ནུས་ཤུགས་ཡོད་རྒུས་ཆུ་བེད་དང་ཁོར་ཡུག་སྲུང་སྐྱོང་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཞིང་། སློབ་གསོ་དང་། སྨན་བཅོས། རྒན་གསོ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆད་དངུལ་གསབ་ནས། འཕེལ་རྒྱས་གཏོང་རིང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།