《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།
སྤེལ་དུས 2022-11-18
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཟླ་11ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་ཉེར་གཉིས་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ། 《སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད》བཀོད་ཡོད་པ་རེད།
གསུང་རྩོམ་ནང་ནན་བཤད་གནང་དོན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ང་ཚོས་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་ཡོད། ད་ལྟ་ང་ཚོས་བློ་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་བཞིན་ཡོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།
གསུང་རྩོམ་ནང་མཛུབ་སྟོན་གནང་དོན། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དེར་ཀྲུང་ཧྭ་མི་རིགས་ཀྱི་འདུན་པ་དང་རེ་བ་བཅོལ་ཡོད་ལ། དེའི་ནང་ཀྲུང་གོ་མི་དམངས་ཀྱི་འབད་འཐབ་དང་རྔུལ་ཆུའང་འདུས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་པོར་ལག་ལེན་དང་འཚོལ་ཞིབ་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཡིན་ལ། རླབས་ཆེ་ལ་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཀྱང་ཡིན། དེས་ན་ང་ཚོས་དཀའ་སྤྱད་སྡུག་རུས་དང་རང་འགན་ཐེག་པ་ཁུར་ལེན་བྱས་ཏེ། དེ་བས་ཆེ་བའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་ཟམ་མི་ཆད་པར་བརྩམས་ཏེ། སྟོབས་ཤུགས་གང་ཡོད་བཏོན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་ཐམས་ཅད་མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མདུན་སྐྱོད་ལམ་བུའི་ཐོག་རྦ་རླབས་དྲག་པོའམ། ཡང་ན་རྦ་རླབས་འཇིགས་སུ་རུང་བ་གང་ཞིག་འཕྱུར་ཡང་། གང་ལྟར་མི་དམངས་ནི་ནམ་ཡང་ང་ཚོའི་ཆེས་སྲ་ཞིང་བརྟན་པའི་རྒྱབ་རྟེན་དང་ཆེས་ཤུགས་དང་ལྡན་པའི་གདེང་སྤོབས་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་། མི་དམངས་དང་གཅིག་སེམས་གཅིག་གཏད། མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ། མི་དམངས་ཀྱིས་མངགས་པ་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་རྒྱུན་ཆད་མེད་པར་དངོས་ཡོད་དུ་འགྱུར་བ་བྱེད་དགོས། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་དགོས་ཤིང་། འགྱུར་ལྡོག་མང་པོ་བྱུང་ཡང་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་ཕྱིན་མེད་པའི་ཏང་ཞིག་ཡིན་ན། གཞི་ནས་བྱ་གཞག་གི་རྨང་གཞི་རྟག་ཏུ་བརྟན་པོ་ཡོང་ཐུབ། འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་ཀྱང་སྔར་བཞིན་རང་ཉིད་གསར་བརྗེ་བྱེད་ཕོད་པའི་ཏང་ཞིག་ཡིན་ན། གཞི་ནས་གཞོམ་ཞིག་གཏན་ནས་ཡོང་མི་སྲིད། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གི་འགྲན་སློང་གསར་པ་དང་ཚོད་བགམ་གསར་པའི་མདུན་དུ། ང་ཚོས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱེད་པ་དང་། རྒྱུགས་འབུལ་ལམ་དུ་སྐྱོད་པ་ལྟ་བུའི་རིག་པ་དྭངས་གསལ་དང་གཟབ་གཟབ་ནན་ནན་ནམ་ཡང་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། རང་ངོས་གསར་བརྗེའི་ཁྲོད་དུ་ལོ་བརྒྱའི་ཏང་ཆེན་པོ་དེ་ཉིད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་རྒྱས་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ཀྱི་བློས་འཁེལ་ཤོས་དང་བརྟན་ཤོས་ཀྱི་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱེད་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ང་ཚོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས་ཤིང་། ང་ཚོས་སྔར་ནས་བཟུང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྟངས་འཛིན་དང་ཐག་གཅོད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། སླད་ཕྱིན་ང་ཚོས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་དང་། འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་སྟེ། འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡང་ཡིན།
གསུང་རྩོམ་ནང་མཛུབ་སྟོན་གནང་དོན། ཀྲུང་གོ་འཕེལ་རྒྱས་གཏོང་བར་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་འཕེལ་རྒྱས་གཏོང་བར་ཡང་ཀྲུང་གོ་དགོས་ཀྱི་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་བ། བརྐྱང་བསྐུམ་བྱ་གཞི་ཆེ་བས་འཕེལ་ཕྱོགས་བཟང་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད། ཀྲུང་གོའི་སྒོ་མོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་ཉག་ཅིག་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་དང་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་དེ་བས་མང་པོ་གཏོད་རྒྱུ་ཡིན།
གསུང་རྩོམ་ནང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནི་གཟི་བརྗིད་དང་རེ་བས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན། འཆར་གཞི་བཀོད་ཟིན་ལ། དུང་བརྡ་ཡང་བཏང་ཟིན། ང་ཚོས་སྙིང་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།