ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་མཇལ་མོལ་གནང་བ།

སྤེལ་དུས 2024-06-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན རྩོམ་པ་པོ།
              རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་6ཚེས་24ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་དང་མཇལ་མོལ་གནང་བ་རེད།
              རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་24ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་ཐོག་ཏུ་མཛད་སྒོ་གཉེར་ནས་ཕོ་ལན་གྱི་ཙུང་ཐུང་ཨན་ཅེ་དབྱི་·ཏུའུ་ཏ་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུས་ཡོད་པ་རེད།
              ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད་པ་རེད།
              ཏུའུ་ཏར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རོགས་ཞུ་མཁན་གྱི་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། ཀྲུང་གོར་བཅར་སྡོད་གཞུང་ཚབ་ཆེན་མོ་བ། ཙུང་ཐུང་ལས་ཤག་གཞུང་ལས་ཁང་གི་ཀྲུའུ་རེན། རྒྱལ་དོན་དྲུང་ཆེ་སོགས་ཡོད་པ་རེད།
              དམག་དཔུང་རོལ་ཆ་རུ་ཁག་གིས་ཕོ་ལན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ་དང་། གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད་པ་རེད།
              ཏུའུ་ཏས་ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁུག་ལ་གཟིགས་ཞིབ་གནང་བ་རེད།
              རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་གཟིགས་སྟེགས་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་བ་རེད།
              ཏུའུ་ཏ་ནི་ཞི་ཅིན་ཕིང་གི་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།
              དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཏུའུ་ཏ་དང་མཇལ་མོལ་གནང་ཡོད།
              ཞི་ཅིན་ཕིང་གིས། ཕོ་ལན་ནི་ཀྲུང་གོ་གསར་པ་ཁས་ལེན་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ད་ལོ་ནི་ཀྲུང་གོ་དང་ཕོ་ལན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་ལོ་རེད། ལོ་ངོ་75སོང་རིང་། ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ངང་གོང་འཕེལ་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ལྷག་པར་དུ་ལོ་8ཀྱི་གོང་དུ་ང་ཚོས་མཉམ་དུ་ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་དེ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་གཏན་འཁེལ་བྱས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ཡོད་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་ཁེ་ཐོབ་ཡོད་ཅེས་བསྟན་གནང་ཡོད།
              ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་འབྱུང་མྱོང་མེད་པའི་རྣམ་པའི་ཐོག་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ནས་ཕོ་ལན་ཕྱོགས་དང་ལྷན་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་འཆང་བ། སྲོལ་རྒྱུན་མཛའ་གྲོགས་རྒྱུན་སྐྱོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འགྱུར་ལྡོག་དང་ཟང་ཟིང་སྣོལ་འདྲེས་ཀྱི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད་ཅེས་གསུངས་པ་རེད།
              ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བས་ལོ་རྒྱུས་ཀྱི་ཉམས་སད་དྲག་པོ་ཐེག་ཐུབ་པའི་འགག་རྩ་ནི་ཕྱོགས་གཉིས་པོས་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་དང་སྲོལ་རྒྱུན་ཁྲོད་ལས་བློ་རིག་དང་སྟོབས་ཤུགས་བསྡུ་ལེན་བྱེད་ཐུབ་པ་དང་། རང་བཙན་རང་བདག་གི་ཕྱོགས་གཉིས་མཛའ་གྲོགས་འབྲེལ་བ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་ཐུབ་པས་ཡིན། ཕྱོགས་གཉིས་པོས་མུ་མཐུད་དེ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་ལས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བཅས་ཀྱི་ཀྲུང་གོ་དང་ཕོ་ལན་གྱི་མཛའ་གྲོགས་ཀྱི་དོན་སྙིང་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་དབར་གྱི་རྒྱལ་ཁབ་ཀྱི་བདག་དབང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ཆེད་འབད་བརྩོན་བྱེད་པར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ། འཇམ་འཐབ་དམག་འཁྲུག་གི་བསམ་བློ་དང་དཔུང་ཚོགས་ཁ་གཏད་དུ་ལངས་པར་ཐུན་མོང་ཐོག་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱིས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཕོ་ལན་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་སྒྲིག་གཞིའི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་འཐབ་ཇུས་མཐུན་སྦྱོར་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་སོགས་མཉམ་ལས་རྣམ་གྲངས་གལ་ཆེན་ལ་འགན་ལེན་བྱེད་པ་དང་སྐུལ་འདེད་གཏོང་བ། ཉོ་ཚོང་དང་། ཞིང་ལས། གྲངས་འཛིན་དཔལ་འབྱོར། སྦགས་མེད་ཐོན་ལས། དྭངས་གཙང་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་དེ་བས་མང་བའི་སྤུས་ལེགས་ཀྱི་ཕོ་ལན་གྱི་ཞིང་ཞོར་ཐོན་རྫས་ཀྲུང་གོའི་ཁྲོམ་རའི་ཐོག་ཐོན་རྒྱུ་དང་ཕྱོགས་གཉིས་མ་འཇོག་རྒྱ་སྐྱེད་དུ་གཏོང་བར་རྒྱབ་སྐྱོར་བྱེད་པར་དགའ་བསུ་ཞུ་གི་ཡོད་པས། ཕོ་ལན་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ལ་དྲང་བདེན་དང་། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ནས་ཕོ་ལན་གྱི་སྤྱི་དམངས་ལ་ཉིན་15ཡི་ནང་ཕྱོགས་རྐྱང་པས་འཐུས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་གཏན་འབེབས་བྱས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་རིག་གནས་དང་གཞོན་ནུ། རིག་གཞུང། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཀྲུང་གོ་ཕྱོགས་ནས་ཕོ་ལན་སོགས་རྒྱལ་ཁབ་དང་ལྷན་དུ་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲིག་གཞིའི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཡོ་རོབ་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
              ཏུའུ་ཏ་ཡིས། ང་རང་ནས་2015ལོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་དེ་ཞུས་པ་དང་། དེ་ནས་2022ལོའི་ལོ་འགོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིད་ལ་གསལ་པོར་ངེས་ཀྱི་འདུག ད་ཐེངས་ཀྲུང་གོར་འཚམས་འདྲི་ཞུས་པས་ཀྲུང་གོའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོར་སྔར་ལས་ལེགས་པའི་སྒོ་ནས་ར་སྤྲོད་བྱ་ཐུབ་སོང་། ཀྲུའུ་ཞི་ཞི་ཅེན་ཕིང་གི་དབུ་ཁྲིད་འོག་ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་བར་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་ཐོབ་པར་ང་རང་ནས་སེམས་གཏིང་ནས་ཡིད་སྨོན་བྱེད་ཀྱི་ཡོད། 2016ལོར་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཕོ་ལན་དུ་རྒྱལ་དོན་འཚམས་འདྲི་གནང་བ་དེ་ཕོ་ལན་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་གྱི་གྲོས་འགོ་དེ་ཕོ་ལན་གྱི་ངོས་ནས་བརྗོད་ན་གོང་འཕེལ་གྱི་གོ་སྐབས་ཧ་ཅང་ཆེན་པོ་ཞིག་ཡིན་པས། ཀྲུང་གོ་དང་མཉམ་ལས་བྱས་པ་བརྒྱུད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ཕོ་ལན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཕོ་ལན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75སོང་རིང་། ཕྱོགས་གཉིས་པོའི་འབྲེལ་བ་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོའི་ཡུན་རིང་གི་ལོ་རྒྱུས་དང་ནང་དོན་ཟབ་མོ་ལྡན་པའི་རིག་གནས་ལ་ཚད་མཐོའི་ཡིད་སྨོན་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་རྒྱུན་འཁྱོངས་བྱས་པའི་འདུ་ཤེས་དང་དེ་བཞིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་ཞུས་ནས་ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་ཉོང་ཚོང་དང་། ཞིང་ལས། རྨང་གཞིའི་སྒྲིག་ཆས། ཕན་ཚུན་འབྲེལ་མཐུད། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཕོ་ལན་དུ་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ཏེ། ཕོ་ལན་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད། སང་ལོའི་ལོ་སྟོད་དུ་ཕོ་ལན་གྱིས་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཕོ་ལན་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་འབྲེལ་ཡོ་རོབ་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
              ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས། ཡུག་རེན་གྱི་ཉམས་ཉེན་ཐད་ཀྲུང་གོའི་ལངས་ཕྱོགས་ནི་བར་འདུམ་མཐུན་འཇུག་དང་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་དེ་ཡིན། མིག་སྔར། གདོང་ཐུག་རྒྱ་ཇེ་ཆེར་དང་ཛ་དྲག་ཏུ་འགྲོ་བར་གཡོལ་ཐབས་གང་ལེགས་བྱེད་དགོས་པ་དང་། དུས་བབ་ལེགས་སུ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། ཞི་བའི་གྲོས་མོལ་ལ་ཆ་རྐྱེན་བསྐྲུན་གང་ཐུབ་བྱ་དགོས།  འདི་ནི་ཡོ་རོབ་གླིང་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གཅིག་གིས་ཀྲུང་གོ་དང་ཨུ་རུ་སུའི་རྒྱུན་གཏན་གྱི་ཉོ་ཚོང་སྤོ་སྒྱུར་འགལ་ཟླར་ཁ་གཡར་ནས། ཀྲུང་གོར་དམའ་འབེབས་གཏོང་བར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་སྐུལ་མ་གཏོང་བ་དང་རྒྱབ་སྐྱོར་བྱས་ཐོག དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
              གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད།
              ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་སྤྱོད་འཆར་གཞི(2024-2027)》སྤེལ་བ་རེད།
              དེ་ཉིན་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཏུའུ་ཏ་སྟངས་དཔྱལ་ལ་དགའ་བསུའི་གསོལ་སྟོན་བཤམས་གནང་ཡོད།
              ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།