ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་ཟླ་བའི་ལྷ་མོ་དྲུག་པའི་ལས་དོན་པར་རྟེན་འབྲེལ་ཞུས་པ།

སྤེལ་དུས 2024-06-27 ཡོང་ཁུངས། རྩོམ་པ་པོ།
      ཟླ་6ཚེས་25ཉིན་གྱི་ཆུ་ཚོད་14དང་སྐར་མ་7གྱི་ཐོག ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱི་ཕྱིར་ལོག་ཡོ་བྱད་ཀྱིས་ཟླ་བའི་རྒྱབ་ངོས་ནས་ཟླ་བའི་གོ་ལའི་སྟེང་གི་དངོས་དཔེ་འཁྱེར་ནས་ནང་སོག་སི་ཙི་ཝང་རྫོང་ཁོངས་ཀྱི་སྔོན་གཏན་འཁེལ་བའི་ས་ཆར་བདེ་བླག་ངང་བབས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་ཟླ་བའི་འཚོལ་ཞིབ་ལས་གྲྭའི་ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱི་ལས་འགན་བཀོད་འདོམས་པུའུ་དང་། དེ་བཞིན་ལས་འགན་ནང་ཞུགས་པའི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཡོད།
     ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་ཟླ་བའི་གོ་ལའི་རྒྱབ་ངོས་ནས་དངོས་དཔེ་ལེན་ཏེ་ཕྱིར་ལོག་ཡོད། དེ་ནི་རང་རྒྱལ་གྱིས་མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་དང་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པར་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་རེད། ལོ་ངོ་20ཡི་རིང་། ཟླ་བའི་གོ་ལའི་འཚོལ་ཞིབ་ལས་གྲྭ་ཞིབ་བཟོ་འཛུགས་སྐྲུན་ནང་ཞུགས་མཁན་བློ་མཐུན་ཡོངས་ཀྱིས་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས། ཚན་རྩལ་གྱི་ཡང་རྩེར་དཔའ་ངར་ཆེན་པོས་འཛེགས་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་གལ་ཆེན་ཐོབ་ནས་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེ་བའི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་ལམ་བུ་ཞིག་བཏོད་ཡོད། ཁྱེད་ཚོས་ཕུལ་བའི་མངོན་གསལ་དོད་པའི་བྱས་རྗེས་དེ་མེས་རྒྱལ་དང་མི་དམངས་ཀྱིས་ནམ་ཡང་ཡིད་ལ་འཆང་ངེས་རེད་ཅེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། ཁྱེད་ཚོས་གོ་སྐབས་དམ་འཛིན་གྱིས་ཟླ་བའི་གོ་ལའི་དངོས་དཔེར་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཞིབ་ཚགས་བྱེད་པ་དང་། དགུང་དབྱིངས་འཚོལ་ཞིབ་སོགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གལ་ཆེན་མུ་མཐུད་ལག་བསྟར་ཡག་པོ་བྱེད་པ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མཁའ་སྐྱོད་སྟོབས་ཆེའི་རྒྱལ་ཁབ་ཀྱི་དམིགས་ཚད་ཕྱོགས་སུ་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱས་ཐོག་འཇིག་རྟེན་གྱི་གསང་བ་འཚོལ་ཞིབ་དང་མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་ཆེད་བྱས་རྗེས་གསར་པ་འཇོག་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་རེད།
     ཀྲུང་གུང་ཀྲུ་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་གྱིས་ལས་འགན་ཕྱིར་ལོག་ཡོ་བྱད་ས་ཐོག་ཏུ་བབས་ནས་ཚུར་བསྡུ་བྱེད་པའི་གནས་ཚུལ་ལ་གཟིགས་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ས་གནས་ས་ཐོག་ཏུ་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱང་གནང་བ་རེད།
     ཟླ་བའི་ལྷ་མོ་དྲུག་པ་རྟགས་ཅན་འཕེན་གཏོང་བྱས་རྗེས་དུས་ཡུན་ཉིན་53དང་འཕུར་སྐྱོད་དུས་མཚམས་11བརྒྱུད་དེ་ཟླ་བའི་གོ་ལའི་ལྡོག་སྐྱོད་འཁོར་ལམ་ཇུས་འགོད་དང་ཚོད་འཛིན་དང་། ཟླ་བའི་རྒྱབ་ངོས་ནས་རིག་ནུས་ལ་བརྟེན་ནས་དངོས་དཔེ་མྱུར་ལེན། ཟླ་བའི་རྒྱབ་ངོས་ནས་འཕུར་སྐྱོད་སོགས་འགག་རྩའི་ལག་རྩལ་འགག་གཏོར་བྱས་ཏེ། ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་དངོས་དཔེ་ཐོག་མར་བླངས་པ་དང་འབྲེལ་རྒྱལ་སྤྱིའི་ཐེག་ཁུར་ཡོ་བྱད་4བླུགས་ནས་དངོས་གཉེར་ནུས་ཆེའི་རྒྱལ་སྤྱིའི་མཉམ་ལས་ཀྱང་སྤེལ་ཡོད།