ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

སྤེལ་དུས 2024-06-29 ཡོང་ཁུངས། རྩོམ་པ་པོ།
            ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
            ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ་7ཚེས་15ནས་18ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》མ་ཟིན་ཐད་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་ཚུལ་སྐོར་གྱི་སྙན་སེང་གསན་པ་མ་ཟད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པའི་བསམ་འཆར་གཞིར་བཟུང་བཟོ་བཅོས་བརྒྱབ་རྗེས་ཡིག་ཆའི་མ་ཟིན་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་ལ་འབུལ་རྒྱུའི་གཏན་འབེབས་ཀྱང་བྱས་པ་རེད།
            ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་བསམ་འཆར་བསྡུ་ལེན་ཐད། ཏང་ནང་ཁུལ་གྱི་དམངས་གཙོ་དང་བློ་བསྡུས་དགེ་འཚོལ་དར་སྤེལ་གང་ལེགས་བྱུང་བ་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱིས་གཏན་འབེབས་མ་ཟིན་ལ་གདེང་འཇོག་གང་ལེགས་བྱས་ཏེ། གཏན་འབེབས་མ་ཟིན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གཏིང་ཟབ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཡོད་པ་དེ་ནི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་དེ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་གཏོད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་གང་ལེགས་མཚོན་པའི་ངོས་འཛིན་བྱས་པ་རེད།
            ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། 2035ལོར་སླེབས་སྐབས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་ཕྱོགས་ཡོངས་ནས་སྐྲུན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་འཐུས་སྒོ་ཚང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བཅས་བྱས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་འདིང་དགོས།
            ཚོགས་འདུའི་ཐོག་བསྟན་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་། ལྷག་པར་དུ། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་སྤྱོད་པར་གཤམ་གསལ་གྱི་རྩ་དོན་ལག་བསྟར་བྱེད་དགོས་པ་སྟེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་མཐུན་སྦྱོར་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་གི་ནུས་པ་འདོན་པ། ཏང་གི་འགོ་ཁྲིད་སྒྱུར་བཅོས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཏེ་སྒྱུར་བཅོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་འདུན་པ་དང་བསྟུན་ནས་སྒྱུར་བཅོས་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མི་དམངས་ཀྱི་ཆེད་དུ་སྒྱུར་བཅོས་བྱེད་པ་དང་། སྒྱུར་བཅོས་མི་དམངས་ལ་བརྟེན་པ། སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་བཅས་བྱེད་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་སྙེག་པ། ལག་ལེན་འཕེལ་རྒྱས་དང་བསྟུན་པ། གནད་དོན་གྱི་སྟོན་ཕྱོགས་མངོན་པ་བཅས་བྱས་ནས་འགོ་འཛུགས་ས་གསར་པར་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་དེ་བཞིན་ཕྱོགས་གཞན་དག་ཐད་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་འཛུགས་སྐྱོང་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། གཏོར་འཛུགས་མཉམ་བཟུང་དང་སྔོན་འཛུགས་རྗེས་གཏོར་བྱེད་པ། རྩ་བའི་ལམ་ལུགས་བརྟན་པོ་འཛུགས་པ། གཞི་རྩའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལམ་ལུགས་གལ་ཆེན་གསར་གཏོད་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་གི་ལམ་བུར་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་དང་ཁྲིམས་སྐྱོང་གཅིག་གྱུར་བཅས་བྱས་ཏེ་སྒྱུར་བཅོས་གལ་ཆེན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་དུས་ཐོག་ཏུ་བཅའ་ཁྲིམས་ལམ་ལུགས་སུ་འགྱུར་བ་བྱེད་དགོས། བརྒྱུད་རིམ་གྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་དང་། སྲིད་གཞུང་དང་ཁྲོམ་ར། ལས་ཆོད་དང་དྲང་གཞག གསོན་ཤུགས་དང་སྒྲིག་ལམ། འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བཅས་བྱས་ཏེ་སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས།
            ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་གཅིག་སྡུད་གཅིག་གྱུར་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།
            ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་ལ་ཞིབ་འཇུག་བྱས་པ་རེད།
 
རྩོམ་སྒྲིག་པ། རིག་གྲོལ།