ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་ཀྲུང་ཝེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

སྤེལ་དུས 2024-07-01 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ནི་ཕན་ཚུན་ཡིད་ཆེས་དང་ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ་ཡག་པོ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་རིང་། ཕྱོགས་གཉིས་པོས་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག ཕན་ཚུན་རྒྱབ་སྐྱོར་བྱས་ནས་ལག་གདང་སྦྲེལ་ཏེ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པས་གྲོགས་པོ་བློས་ཐུབ་ཀྱི་འབྲེལ་བ་ཆགས་ཡོད། ན་ནིང་ཟླ་9པར། ཙུང་ཐུང་མཱ་ཏུའུ་ལུའོ་ཡིས་གྲུབ་འབྲས་ཐོབ་པའི་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་མཉམ་དུ་ཀྲུང་ཝེའི་འབྲེལ་བ་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་རབས་གསར་པར་སྐྱོད་པར་ཁྲིད་སྟོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་དང་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་སྲོལ་རྒྱུན་མཛའ་གྲོགས་མུ་མཐུད་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས། ཀྲུང་ཝེའི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་བ་དང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
  མཱ་ཏུའུ་ལུའོ་ཡིས་ཝེ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ལྷག་པར་དུ། ཝེ་ཀྲུང་དབར་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོར་བཀག་སྡོམ་བྱེད་པའི་རེ་ངན་གང་རུང་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱི་ནང་ཞུགས་པ་དང་དོན་འཁྱོལ་ཧུར་ཐག་བྱས་ནས། མུ་མཐུད་བློ་བརྟན་འགྱུར་མེད་ངང་ཝེ་ཀྲུང་དབར་གྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་དང་ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།