ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ལི་དང་མཇལ་འཕྲད་གནང་བ།

སྤེལ་དུས 2024-07-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
              ཟླ་7ཚེས་10ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་བྷང་ག་ལའི་ཙུང་ལི་ཧ་ཞི་ན་དང་མཇལ་འཕྲད་གནང་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཀྲུང་གོ་དང་བྷང་ག་ལའི་འབྲེལ་བ་དེ་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་པ་སྤོར་རྒྱུའི་ཁྱབ་བསྒྲགས་གནང་ཡོད།

              ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་རྒྱུས་ལོན་ཆེ་ཞིང་འབྲེལ་བ་ཟབ་པའི་མཛའ་གྲོགས་ཁྱིམ་མཚེས་ཡིན་ཞིང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་དེ་ལོ་ངོ་སྟོང་ཕྲག་རྒྱུན་མཐུད་བྱས་ཡོད། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཉམ་ལས་མཉམ་རྒྱལ་ཡོང་བ་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་དང་ལྷག་པར་དུ“འཛམ་གླིང་ལྷོ་ཕྱོགས”རྒྱལ་ཁབ་དབར་གྱི་མཛའ་གྲོགས་འགྲོ་འོང་དང་གཉིས་ཕན་མཉམ་ལས་ཀྱི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་བྷང་ག་ལ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་བཏོད་གནང་བའི་མཛའ་གྲོགས་ཟབ་མོར་གཅེས་འཛིན་བྱེད་ཀྱི་ཡོད་པ་དང་། སང་ལོ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་གཞི་ཁྱོན་ཆེ་རུ་བཏང་སྟེ། ཀྲུང་གོ་དང་བྷང་ག་ལའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་པ་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
              ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་གཏོང་དགོས། བྷང་ག་ལ་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ་དང་། རང་སོའི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པ། རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་སྲུང་སྐྱོང་བྱེད་པ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གི་ཐེ་ཇུས་ལ་ངོ་རྒོལ་བྱེད་པ་བཅས་ལ་ཀྲུང་གོ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་དང་གོང་འཕེལ་ཁྱབ་ཁོངས་ཀྱི་སྲིད་ཇུས་ཐད་སྤེལ་རེས་བྱེད་པ་དང་། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཉོ་ཚོང་དང་མ་འཇོག མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དེ་བས་མང་བའི་ཀྲུང་གོའི་ཁེ་ལས་ཀྱིས་བྷང་ག་ལར་ཐོན་ལས་མ་འཇོག་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཉམ་འདྲེས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། བྷང་ག་ལས་རྒྱལ་ཁབ་གོང་འཕེལ་གཏོང་བར་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སང་ལོའི“ཀྲུང་གོ་དང་བྷང་ག་ལའི་མི་ཆོས་རིག་གནས་ཀྱི་མཛའ་གྲོགས་ལོ”ལེགས་པར་གཉེར་ནས། རྒྱལ་ཁབ་གཉིས་པོའི་རིག་གནས་དང་ཡུལ་སྐོར། སྨྱན་སྦྱོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལ་ཕྱོགས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཐད་རོགས་ལས་དམ་ཟབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
              ཧ་ཞི་ནས། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་དབར་མཛའ་གྲོགས་ཟབ་མོ་ལྡན་པའི་ཐད་གཟི་བརྗིད་ཆེན་པོར་བརྩི་ཡི་ཡོད་ཅིང་། ཀྲུང་གོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ཁྱད་བསད་ཐུབ་སྟེ་ཡར་ངོའི་ཟླ་ལྟར་འཕེལ་བའི་གྲུབ་འབྲས་རླབས་པོ་ཆེ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་བར་ལྷད་མེད་ཀྱི་ཡིད་སྨོན་བྱེད་བཞིན་ཡོད། བྷང་ག་ལ་རྒྱལ་ཁབ་ཀྱིས་མི་རིགས་བཅིངས་འགྲོལ་དང་དབུལ་པོ་ཉུང་གཏོང་དང་གོང་འཕེལ་སོགས་ཀྱི་བྱ་གཞག་སྐུལ་འདེད་གཏོང་རྒྱུར་འབད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རིམ་དེའི་ཁྲོད་བྷང་ག་ལ་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོའི་ལེགས་གྲུབ་ལྡན་པའི་གོང་འཕེལ་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་། རྨང་གཞིའི་སྒྲིག་ཆས། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། གཞོན་ནུ་དང་རིག་གནས་སོགས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་ས་ཁུལ་དེ་གའི་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད་པས། བྷང་ག་ལ་ཕྱོགས་ཀྱིས་མུ་མཐུད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ནང་ཧུར་ཐག་ངང་ཞུགས་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་ལྷོ་རྒྱུད་གཞི་གཅིག་ཅན་གྱི་གསར་སྤེལ་འཆར་འགོད་ནང་ཞུགས་ཏེ། བྷང་ག་ལའི“2041ལོའི་ཕུགས་འདུན”མངོན་འགྱུར་བྱེད་རོགས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། བྷང་ག་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་གནད་དོན་ཐད་བཟུང་བའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། བྷང་ག་ལ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གོང་འཕེལ་ཆེན་པོ་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
              ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།