ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཧྲི་ཐའེ་ཧྥུན་གྱིས་ཀན་སུའུ་རུ་རྟོག་ཞིབ་གནང་བ།

སྤེལ་དུས 2024-07-18 ཡོང་ཁུངས། ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། རྩོམ་པ་པོ།
             ཧྲི་ཐའེ་ཧྥུན་གྱིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་སུ། དུས་རབས་གསར་བའི་ཏང་གི་མི་རིགས་ཆོས་ལུགས་བྱ་བ་ལེགས་པོ་བསྒྲུབས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་བྱ་བ་ཟབ་སྤེལ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ།
             ཟླ7པའི་ཚེས10ཉིན་ནས་ཚེས13ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་གྱིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། “གཏན་ཁེལ་གཉིས”ལ་བརྩི་བཀུར་ནན་མོ་དང “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོ་སྒྲུབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་གནད་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
             ཧྲི་ཐའེ་ཧྥུན་ལན་ཀྲོའུ་གྲོང་ཁྱེར་དང་ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ཡོང་ནས། མཐོ་རིམ་སློབ་གྲྭ་དང་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་སྲང་ཁུལ། ཞིང་སྡེ་བཅས་སུ་ཟབ་ཞུགས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཞིབ་འཇུག་བྱ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་སློབ་གླིང་དུ་ཟབ་ཞུགས་བྱས་ཏེ་ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་ཆོས་ལུགས་དགེ་རྒན་དང་ལས་བྱེད་མི་སྣ་གསོ་སྐྱོང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དམངས་གཉེར་ཁེ་ལས་ལ་ལྟ་ཞིབ་བྱས་ཏེ་ཡུལ་བབ་དང་བསྟུན་པའི་ཐོན་སྐྱེད་ནུས་ཤུགས་གསར་བ་གོང་སྤེལ་དང་རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་གཏོང་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཡོམ་འགུལ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་གཅིག་བསྡུས་བཀོད་སྒྲིག་བྱེད་ས་དང་ཐོན་ལས་ར་བ། སློབ་གྲྭ་དང་གནོད་ཐེབས་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས། གནོད་ཐེབས་རྗེས་ཀྱི་རོགས་སྐྱོར་བཀོད་སྒྲིག་དང་ཐོན་སྐྱེད་འཚོ་བ་བསྐྱར་གསོའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས།
             ཧྲི་ཐའེ་ཧྥུན་གྱིས་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་པ། ལོ་རྒྱུས་ཡིག་ཆ་དང་དོན་དངོས། རིག་གནས་གནའ་ཤུལ། དམངས་སྲོལ་རིག་གནས་བཅས་ཀྱི་སྔོག་འདོན་སྲུང་སྐྱོབ་དང་བཀོལ་སྤྱོད་ལ་ཤུགས་བསྣན་ནས། ཀྲུང་གོའི་རང་བདག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ཡིག་ཆའི་མ་ལག་དང་གཏམ་བརྗོད་མ་ལག གཞུང་ལུགས་མ་ལག་ཆགས་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ལོ་རྒྱུས་ཀྱི་འགྲེལ་བརྗོད་དབང་ཆ་དང་སྨྲ་བརྗོད་དབང་ཆ་དམ་པོར་འཛིན་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་དང་དྲིལ་བསྒྲགས་སློབ་གསོ་ཟབ་སྤེལ་བྱས་ཏེ། རིགས་སོ་སོའི་མང་ཚོགས་དང་ལྷག་པར་དུ་གཞོན་སྐྱེས་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་ཡོངས་ཁྱབ་ཏུ་སྤེལ་དགོས་ཤིང་། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མོས་སེམས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ལ། ཕན་ཚུན་གཅིག་འདྲེས་ཀྱི་སྤྱི་ཚོགས་སྒྲིག་གཞི་དང་སྡོད་ཁུལ་ཁོར་ཡུག་བསྐྲུན་ཏེ། རིགས་སོ་སོའི་མང་ཚོགས་འདྲེས་སྡོད་དང་ཡོངས་ཁྱབ་ཏུ་འགྲོ་འོང་དང་འབྲེལ་འདྲིས། གཅིག་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
             ཧྲི་ཐའེ་ཧྥུན་གྱིས་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་ཁྲོད་རང་འགུལ་ངང་ཀྲུང་གོའི་སྤྱི་ཚོགས་དང་ཀྲུང་ཧྭའི་རིག་གནས་ཀྱི་སྲོལ་རྒྱུན་བཟང་བོ་འདྲེས་སུ་བཅུག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་བྱ་དགོས་ཞེས་ནན་གྱིས་བསྟན།།