ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་འཛིན་གྲྭ་འདི་འགོ་ཚུགས་པའི་མཛད་སྒོར་གསུང་བཤད་གནང་།

སྤེལ་དུས 2024-10-31 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
      ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་དེ་ཚེས་29ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར(རྒྱལ་ཁབ་སྲིད་འཛིན་སློབ་གླིང)འཛིན་གྲྭ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་བསྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་དང་། དེ་བས་ལེགས་པའི་སྒོ་ནས་སེམས་ནུས་གཅིག་སྒྲིལ་གྱིས་བསྒྱུར་བཅོས་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་གིས་འཛིན་གྲྭ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་འཛིན་གྲྭ་ཚུགས་པའི་མཛད་སྒོར་ཕེབས་ཡོད།
     ཞི་ཅིན་ཕིང་གིས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་དུས་རབས་གསར་པར་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། བརྒྱུད་རིམ་ལྡན་པ་དང་སྤྱི་ཡོངས་ནས་ཇུས་འགོད་བྱས་པ་བརྒྱུད་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་རྐྱང་ཞིག་གཏོད་ཡོད་པས། དེར་དུས་རབས་འབྱེད་པའི་དོན་སྙིང་ལྡན་ཡོད། དུས་རབས་གསར་པར་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ལག་ལེན་གྱི་གྲུབ་འབྲས་དང་ལམ་ལུགས་ཀྱི་གྲུབ་འབྲས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བཅས་གལ་ཆེན་ཐོབ་ཡོད། དེ་ནི་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་བརྗིད་ཆེའི་ལེའུ་ཞིག་ཡིན་ཞིང་། དེས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པ་དང“ངོ་མཚར་ཆེན་པོ་གཉིས”མུ་མཐུད་གཏོད་རྒྱུར་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད་ལ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྔར་ལས་ལྷག་པའི་སྒོ་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་དང་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། དྲང་སྲུང་གསར་གཏོད་ནི་སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་ཁོང་དུ་བརྟན་པོར་ཆུད་དགོས་པ་དང་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན། ང་ཚོའི་བསྒྱུར་བཅོས་ནི་ཁ་ཕྱོགས་དང་རྩ་དོན་ཡོད་པ་ཞིག་ཡིན། ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་། མར་ཁེ་སི་རིང་ལུགས་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས་བཅས་བྱེད་པ། སྤྱི་ཚོགས་གཞུང་དྲང་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་རྒྱུ་དེ་ཐོག་མའི་སྐུལ་སློང་དང་མཐར་གཏུགས་ཀྱི་དམིགས་འབེན་དུ་བཟུང་ཡོད། དེ་དག་ཚང་མ་རྩ་བར་དོ་དམ་དང་། ཁ་ཕྱོགས་ལ་དོ་དམ། ཡུན་རིང་ལ་དོ་དམ་བཅས་བྱས་པ་ཡིན་ཞིང་། ཏང་གི་ངོ་བོ་དང་དམིགས་ཡུལ་མཚོན་པ་དང་། རང་རྒྱལ་གྱི་རྒྱལ་ཚུལ་དང་མཐུན་ཞིང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་པས། དུས་རྣམ་ཀུན་ཏུ་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་བསྒྱུར་བཅོས་ཀྱི་སྤྱིའི་དམིགས་འབེན་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱིའི་དམིགས་འབེན་གྱིས་ཁྲིད་སྟོན་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས་ཤིང་། བསྒྱུར་བཅོས་བྱེད་དགོས་རིགས་བསྒྱུར་བཅོས་མཐའ་གཅིག་ཏུ་བྱེད་པ་དང་། བསྒྱུར་བཅོས་བྱེད་མི་དགོས་པའི་རིགས་བསྒྱུར་བཅོས་མི་བྱེད་པ། དུས་རབས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་བསྟུན་ནས། དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ཀྱི་གཙོ་གནད་འདི་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཕྱོགས་ཁག་གི་བསྒྱུར་བཅོས་ལ་ཁྱོན་ཡོངས་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད། རིག་གནས་གསར་གཏོད་བཅས་དང་། དེ་བཞིན་ཕྱོགས་གཞན་དག་གི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
     ཞི་ཅིན་ཕིང་གིས། བསྒྱུར་བཅོས་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། ཚན་རིག་དང་མཐུན་པའི་བྱ་ཐབས་ལ་སྣང་ཆེན་བྱེད་པ་དང་ཕྱོགས་ཁག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། བསྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཐོག བསྒྱུར་བཅོས་བྱེད་ནུས་ལ་བརྟེན་ནས་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། བསྒྱུར་བཅོས་ཀྱི་འགོག་རྐྱེན་སེལ་བ་དང་བསྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཁྲོད་ཁྲིམས་སྐྱོང་གི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་མཁས་པོས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། བསྒྱུར་བཅོས་གལ་ཆེན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་སྤྱི་དམངས་དང་ཁྲིམས་མི་ཡོངས་ཀྱི་ཁྲིམས་མཐུན་ཁེ་དབང་འདྲ་མཉམ་ངང་སྲུང་སྐྱོང་ཐུབ་པ་བྱེད་དགོས། གཏོར་རྒྱུ་དང་འཛུགས་རྒྱུ་གཉིས་ཀྱི་རྩོད་སྒྲུབ་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། གཏོར་རྒྱུ་དང་འཛུགས་རྒྱུ་གཉིས་མཉམ་དུ་སྤེལ་བ་དང་། སྔོན་ལ་འཛུགས་པ་དང་རྗེས་ལ་གཏོར་བ། འཛུགས་དགོས་རིགས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་འཛུགས་པ། གཏོར་དགོས་རིགས་འཛུགས་པའི་རྨང་གཞིའི་ཐོག་དུས་ཐོག་ཏུ་གཏོར་བ་བཅས་བྱས་ནས། གཏོར་རྒྱུ་དང་འཛུགས་རྒྱུ་གཅིག་གྱུར་བྱེད་པའི་ཁྲོད་དུ་བསྒྱུར་བཅོས་ཀྱི་གོམ་སྟབས་མགྱོགས་ཤིང་བརྟན་པོ་ཡོང་བ་བྱེད་དགོས། བསྒྱུར་བཅོས་དང་སྒོ་དབྱེ་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཐོག ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་ཚོང་པའི་མ་འཇོག ཕྱི་ཕྱོགས་མ་འཇོག་བཅས་ཀྱི་དོ་དམ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས། བཀོད་སྒྲིག་དང་དོན་འཁྱོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། བསྒྱུར་བཅོས་ཀྱི་ཇུས་གཞི་འགོད་པར་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། བསྒྱུར་བཅོས་ཀྱི་བྱ་ཐབས་ཁག་མཐུན་སྦྱོར་དང་ལེ་ལག་ཚང་སྒྲིག་ལ་སྣང་ཆེན་བྱེད་པ། བསྒྱུར་བཅོས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ། འགན་འཁྲི་ཁ་གསལ་དང་འབྲེལ་ཐག་ཆ་ཚང་བ། གཅིག་ལ་གཅིག་འབྲེལ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཕན་འབྲས་རྗེས་སྙེག་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བསྒྱུར་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་དང་དམིགས་སར་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་ཁུར་ཡོད་པས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཇེ་ཆེར་བཏང་ཐོག འགག་སྒྲོལ་དཀའ་སེལ་དང་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པའི་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས། འགལ་བ་དང་གནད་དོན་ལ་ཐད་ཀར་ཁ་གཏད་གཅོག་པ་དང་། གནད་དོན་རྙིང་པ་སེལ་བར་ཐེ་ཚོམ་མི་བྱེད་པ། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པར་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གནམ་ས་གསར་པ་འབྱེད་དགོས། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱོད་མཁས་པོ་བྱས་ཏེ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་དང་ཇུས་གཞི་བཏིང་ནས་དོན་གཉེར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
     ཞི་ཅིན་ཕིང་གིས། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བ་དང་། མཐུན་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱ་རྒྱུ་དེ་བསྒྱུར་བཅོས་བདེ་བླག་ངང་སྤེལ་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། བསྒྱུར་བཅོས་ཀྱི་གླེང་ཕྱོགས་ཁྲིད་སྟོན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་དང་། བརྗོད་བྱ་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་བརྒྱུད་སྤྲོད་བཅས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་བཏོན་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་འགའ་ཞིག་ལ་ཞིབ་འཇུག་དང་འགྲེལ་བཤད་རྒྱག་རྒྱུར་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་པའི་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་ཐོག་ཏུ་དོགས་གནད་གསལ་འགྲེལ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་པ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྡུ་བ་བཅས་བྱས་ནས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་བསྒྱུར་བཅོས་དམ་འཛིན་བྱེད་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། ལས་བྱེད་པ་དང་མང་ཚོགས་ནས་གནས་བབ་ཧྲིལ་པོའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། བསྒྱུར་བཅོས་ཁྲོད་ཀྱི་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་དང་སྒེར་གྱི་ཁེ་གྱོང་ལ་ལྟ་སྟངས་ཡང་དག་པ་འཛིན་དུ་འཇུག་དགོས་ཞེས་བསྟན་གནང་ཡོད།
     ཞི་ཅིན་ཕིང་གིས་མཇུག་ཏུ། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་ཏེ། བསགས་འབོར་སྲིད་ཇུས་དང་འཕར་ཚད་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། སྡེབ་སྒྲིག་བྱ་ཐབས་ཡག་པོ་སྤྱད་དེ། སླད་ཀྱི་ཟླ་བ་གཉིས་ཀྱི་ལས་ཀ་ཁག་དམ་འཛིན་ཏན་ཏིག་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་དམིགས་འབེན་དང་ལས་འགན་འབད་བརྩོན་ཆེན་པོས་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
     ལི་ཆང་གིས་འཛིན་གྲྭ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ནི་གཟིགས་རྒྱང་རིང་ལ་གཏིང་ཟབ་པ་དང་། རྒྱས་བཤད་གནད་ལ་འཕིགས་ཤིང་ནང་དོན་ཕུན་སུམ་ཚོགས་པ། དེར་ཆབ་སྲིད་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པས། ཏང་ཡོངས་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་། སྔར་ལས་ལྷག་པའི་ངང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མཛུབ་ཁྲིད་དགོངས་པ་དང་སྤྱིའི་དམིགས་འབེན། རྩ་དོན་གལ་ཆེན། ཚན་རིག་དང་མཐུན་པའི་བྱེད་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ། བསྒྱུར་བཅོས་ཀྱི་སེམས་ཤུགས་བརྟན་དུ་གཏོང་བ། བསྒྱུར་བཅོས་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བར་འཛིན་པ། བསྒྱུར་བཅོས་ཀྱི་འགན་འཁྲི་ཁུར་ཤུགས་ཆེ་རུ་གཏོང་བ། བསྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་འགྲིལ་བ་བཅས་བྱས་ཏེ། བསྒྱུར་བཅོས་བྱེད་ཐབས་ཁག་གནད་ལ་འཁེལ་བའི་ངང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། འགན་འཁྲི་དང་ལས་འགན། གནད་དོན་བཅས་འཁྱེར་ནས་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་ཞིང་ཁོང་དུ་ཆུད་པར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། གསར་གཏོད་རང་བཞིན་གྱི་ཐོག་ནས་བསྒྱུར་བཅོས་ཀྱི་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་བྱེད་དགོས་ཞེས་བསྟན་གནང་ཡོད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་འཛིན་གྲྭ་ཚུགས་པའི་མཛད་སྒོར་ཞུགས་ཡོད།
     ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱས་པའི་དངུལ་རྩའི་ལས་ཁུངས་དང་ཁེ་ལས། མཐོ་རིམ་སློབ་གྲྭ བཅིངས་འགྲོལ་དམག་གི་སྡེ་ཚན་ཁག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཞིབ་བསྡུར་འཛིན་གྲྭར་ཞུགས་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་འཛིན་གྲྭ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་ཡོད།