ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱི་བསྐོ་སྒུག་ཚེན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་བ།

སྤེལ་དུས 2024-11-04 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
ཟླ་11ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསར་དུ་བདམས་ཐོན་བྱུང་བ་དང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་བ།
  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་གསར་དུ་བདམས་ཐོན་བྱུང་བ་དང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ལ་མཇལ་འཕྲད་གནང་བ་རེད།
  ཞི་ཅིན་ཕིང་གིས་བདེན་དཔང་གནང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེན་ཧའོ་ཧུའེ་ལ་ཁོང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་794པ་གནང་བ་རེད།
  ཞི་ཅིན་ཕིང་གིས་ཚེན་ཧའོ་ཧུའེ་ཀྲུང་དབྱང་སྲིད་གཞུང་གིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཀྱིས་དེ་སྔ་མཐའ་མའི་འདྲི་གཅོད་ཁྲིམས་ཁང་གི་ཡོན་ཀྲང་ཡུན་རིང་བྱེད་མྱོང་བ་དང་རྒྱལ་གཅེས་ཨའོ་གཅེས་ཀྱི་ལངས་ཕྱོགས་བརྟན་པོ་དང་། ཁྲིམས་ལྟར་འགན་སྒྲུབ། རང་འགན་ནན་སྒྲུབ་བཅས་བྱས་ནས་ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁྱེད་སྲིད་འཛིན་དཔོན་གྱི་འདེམས་བསྐོའི་ནང་ཞུགས་ཚུན་དངོས་གཉེར་དམངས་གཅེས་དང་གནད་དོན་ལ་ཁ་གཏད་གཅོག་ཕོད་པའི་གཟུགས་བརྙན་བཟང་པོ་མངོན་པ་དང་། འདེམས་བསྐོའི་ནང་ཞུགས་པའི་ཆབ་སྲིད་ཀྱི་རྩ་འཛིན་དང་སྲིད་སྐྱོང་འདུ་ཤེས་དེ་ཨའོ་མོན་གྱི་དོན་དངོས་དང་མཐུན་ལ་རྒྱ་ཆེའི་ཨའོ་མོན་གྱི་གྲོང་མིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་ཡང་མཐུན་ཡོད། སྲིད་འཛིན་དཔོན་གྱི་འདེམས་བསྐོའི་ཁྲོད་ཁྱེད་ལ་འདེམས་ཤོག་མང་པོ་ཐོབ་ནས་བདམས་ཐོན་བྱུང་བ་དེ་ཐོག་ནས་ཨའོ་མོན་གྱི་སྤྱི་ཚོགས་ཀྱིས་ཁྱེད་ལ་ཁས་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་བྱེད་པ་མཚོན་ཐུབ། ཀྲུང་དབྱང་གིས་ཁྱེད་ལ་ཁས་ལེན་གང་ལེགས་དང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།
  ཞི་ཅིན་ཕིང་གིས་གསུངས་དོན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་ཨའོ་མོན་གྱི་རྩ་བའི་ཁེ་ཕན་དང་མཐུན་པའི་ལམ་ལུགས་བཟང་པོ་ཞིག་རེད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25སོང་རིང་། ཀྲུང་དབྱང་དང་མེས་རྒྱལ་ནང་སའི་རྒྱབ་སྐྱོར་ཤུགས་ཆེན་འོག དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་མུ་མཐུད་འབད་འཐབ་བྱས་པས་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། རྩ་ཁྲིམས་དང་ཨའོ་མོན་གྱི་གཞི་རྩའི་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་སྲིད་ལུགས་ཀྱི་སྒྲིག་ལམ་བརྟན་པོ་བཙུགས་པ། ཨའོ་མོན་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བཅས་ཀྱི་མཛད་ཕྱོགས་རྒྱུན་མཐུད་དང་། ཕྱོགས་ཡོངས། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་འགྱུར་ལྡོག་དང་ངོ་བོ་མི་འགྱུར་བ་འགན་ལེན་བྱ་རྒྱུ་ཡིན།
  ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཁྲོད་ཤང་ཀང་དང་ཨའོ་མོན་གྱི་ནུས་པ་དེ་བས་ལེགས་པའི་ངང་འདོན་སྤེལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། དེས་ཨའོ་མོན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མཉམ་འདྲེས་བྱེད་པ་དང་རང་ངོས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད། སྲིད་འཛིན་དཔོན་གྱི་འགན་འཁུར་བ་ནི་འགན་འཁྲི་ལྗིད་ཏིག་ཏིག་ཅིག་རེད་ལ། ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་དང་རྒྱ་ཆེའི་ཨའོ་མོན་གྱི་གྲོང་མིའི་རེ་བ་ཆེན་པོ་ཞིག་ཀྱང་རེད། ཁྱེད་ཀྱིས་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཕོད་པ་དང་འགན་འཁྲིར་ངོ་མི་གནོང་བ་བྱས་ཏེ་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་གསར་པའི་སྲིད་གཞུང་གི་སྣེ་ཁྲིད་དེ་སྤྱི་ཚོགས་ལས་རིགས་ཁག་དང་མཐུན་སྒྲིལ་དང་། སེམས་ནུས་གཅིག་སྒྲིལ། གཞུང་འཁྱོངས་གསར་འབྱེད། འགན་འཁུར་ཡར་བརྩོན། ལས་དོན་སྒྲུབ་མཁས་པོ་བཅས་བྱས་ཏེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
  ཚེན་ཧའོ་ཧུའེ་ཡིས་ཀྲུང་དབྱང་སྲིད་གཞུང་གིས་རང་ཉིད་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་དྲུག་པའི་སྲིད་འཛིན་དཔོན་ལ་བསྐོ་གཞག་བྱས་པར་གཟི་བརྗིད་དཔག་མེད་སྐྱེས་ཤིང་། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གི་འགོ་ཁྲིད་འོག ཕྱོགས་ཡོངས་དང་། ཡང་དག བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་དང་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ། སྤྱི་པའི་བཅོས་སྐྱོང་ནུས་པ་དང་དོ་དམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་སྣ་མང་ཅན་དུ་འོས་འཚམ་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་སུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཨའོ་མོན་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཆོད་སེམས་ཡོད་ཅེས་གསུངས་པ་རེད།