ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

“ལས་དོན་གང་ཞིག་ལ་དམ་འཛིན་དང་མང་ཚོགས་ཆེད་ལས་དོན་གང་ཞིག་སྒྲུབ་རུང་ཚང་མ་དངོས་ཐོག་བདེན་འཚོལ་བྱེད་དགོས”

སྤེལ་དུས 2025-01-06 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  2024ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འཚོགས་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག“རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་གཞི་རིམ་དང་མང་ཚོགས་ཁྲོད་སྐྱོད་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་གསལ་རྟོགས་དང་། གཞི་རིམ་གྱི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མངོན་གསལ་དོད་རིགས་གསལ་རྟོགས་བྱས་ཐོག དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
  “ད་ཡོད་ཀྱི་སྒྱུར་བཅོས་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་ཡག་པོ་སྤྱད་དེ་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་བྱས་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་སྒྲིག་འཛུགས་ལག་བསྟར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2024ལོའི་ཟླ་8ཚེས་29ཉིན་གྱི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནན་བཤད་གནང་བ་རེད།
  2024ལོའི་ཟླ་4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས“ལོ་སྒོར་མོག་མོག”དང“སྤུས་ལེགས་གྲོ་ཞིབ”ལ་དཔེ་བཞག་ནས་རྡོ་སོལ་སོགས་ནུས་རྒྱུ་འཕེལ་རྒྱས་སྐོར་རྒྱས་བཤད་འདི་ལྟར་གནང་བ་སྟེ“སྔོན་ལ་གྲོད་པ་རྒྱགས་པར་བྱེད་པ་དང་དེ་ནས་ཞིམ་པོ་ཟ་དགོས། ང་ཚོས་དངོས་ཐོག་བདེན་འཚོལ་བྱེད་པར་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གོམ་སྟབས་འགོར་དུ་གཏོང་མི་རུང་ལ། བསམ་ཚོད་ཀྱང་ཡག་དྲགས་རྒྱུ་མེད་པར་སྔོན་ལ་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་དགོས”ཞེས་པ་དེ་རེད།
  “སྔོན་ལ་གྲོད་པ་རྒྱགས་པར་བྱེད་པ་དང་དེ་ནས་ཞིམ་པོ་ཟ་དགོས”ཞེས་པ་འདིའི་ནང་འདུས་པ་ནི་ཡོད་ཚད་དོན་དངོས་ལ་གཞི་ཚུགས་པ་དང་དངོས་ཐོག་བདེན་འཚོལ་བྱེད་པའི་བརྟག་ཐབས་སྨྲ་བ་ཞིག་རེད།
  དངོས་ཐོག་བདེན་འཚོལ་ནི་མར་ཁེ་སི་རིང་ལུགས་ཀྱི་སྙིང་བཅུད་ཡིན་པ་དང་། ཡོད་ཚད་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ང་ཚོས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འདོན་པ། ལས་དོན་སྒྲུབ་པ་བཅས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་རེད། 2024ལོའི་ཟླ་3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་དུ་རྟོག་ཞིབ་གནང་སྐབས“ལས་དོན་གང་ཞིག་ལ་དམ་འཛིན་དང་མང་ཚོགས་ཆེད་ལས་དོན་གང་ཞིག་སྒྲུབ་རུང་ཚང་མ་དངོས་ཐོག་བདེན་འཚོལ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
  དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པའི་རྨང་གཞི་ནི“དོན་དངོས”གསལ་པོ་ཤེས་པར་བྱ་རྒྱུ་དེ་རེད། བརྟག་དཔྱད་ཞིབ་འཇུག་བྱས་ཏེ་དོན་དངོས་ཁོང་དུ་ཆུད་པར་བྱེད་པ་དང་། འགག་གནད་ལ་དམ་འཛིན་བྱེད་པ། གནད་དོན་ཐག་གཅོད་བྱེད་པ་བཅས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མཐའ་བར་གསུམ་གྱི་ཕྱག་ལས་གནང་སྟངས་ཤིག་རེད།
  ས་གནས་སུ་ཕྱག་ལས་གནང་སྐབས། གཞི་རིམ་གྱི་ས་ཕྱོགས་གང་སར་ཕེབས་པས་བློ་མཐུན་ཞི་ཅིན་ཕིང་གིས་གནས་ཚུལ་དངོས་ཁོང་དུ་ཆུད་པ་དང“དོན་དངོས”མཁྱེན་རྟོགས་ཐུབ་ཡོད།
  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་རྒྱལ་ཡོངས་ས་ཕྱོགས་གང་སར་ཁྱབ་ཡོད་ཅིང་། བརྟག་ཞིབ་ལ་བརྟེན་ནས་ལམ་འབྱེད་གནང་སྟེ་གནད་དོན་མཁྱེན་རྟོགས་དང་། རྒྱལ་བབ་གསལ་རྟོགས། ཆོས་ཉིད་འཚོལ་ཞིབ་བཅས་གནང་ནས་རྒྱལ་སྲིད་སྐྱོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་གནང་ཡོད་ལ། ཏང་ཡོངས་ཀྱིས་བརྟག་ཞིབ་ལ་མཐོང་ཆེན་དང་། བརྟག་ཞིབ་གཏིང་ཟབ། བརྟག་ཞིབ་བྱེད་མཁས་པོ་བཅས་བྱེད་པར་མིག་དཔེ་བཟང་པོ་ཡང་བསྟན་གནང་ཡོད།
  དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པའི་གནད་འགག་ནི“བདེན་འཚོལ”ལ་ཐུག་ཡོད་ཅིང་། དེ་ནི་བྱ་དངོས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་འཚོལ་ཞིབ་དང་ཁོང་དུ་ཆུད་པར་བྱ་རྒྱུ་དེ་རེད།
  བྱ་བ་རེ་རེར་ཐབས་རེ་ཡོད། དེ་ལ་མཁས་ན་ལས་ཀུན་འགྲུབ་ཅེས་པ་ལྟར་བློ་མཐུན་ཞི་ཅིན་ཕིང་གིས་ས་གནས་སུ་ཕྱག་ལས་གནང་སྐབས“འགོ་ཁྲིད་ལ་ཆུ་ཚད་ཡོད་དགོས། ཆུ་ཚད་ནི་གང་ནས་བྱུང་བ་རེད་དམ་ཞེ་ན། ཆུ་ཚད་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་ངོས་འཛིན་དང་ཁོང་དུ་ཆུད་པ་ལས་བྱུང་བ་དང་། ཆོས་ཉིད་རང་བཞིན་གྱི་དངོས་པོ་ནི་རྒྱ་ཆེའི་མང་ཚོགས་ཀྱི་ལག་ལེན་ཁྲོད་དུ་འདུས་ཡོད”ཅེས་གསུངས་མྱོང་ཡོད།
  གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བར“རྫོང་གཅིག་གིས་ཐོན་ལས་གཅིག་ཁོ་ནར་བརྟེན་ནས་འཕེལ་རྒྱས་གཏོང་དགོས་མིན་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས”ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བར“སྡིག་སྲིན་ལྟར་ཚང་མ་མཉམ་དུ་བསྡམས་ནས་འགུལ་སྐྱོད་མི་ཐུབ་པ་བཟོ་བ་དེ་མིན་པར་མི་ཁག་གཅིག་སྔོན་ལ་ཕྱུག་པོ་ཆགས་པར་སྐུལ་མ་གཏོང་དགོས”“སྔོན་ལ་ཕྱུག་པོ་ཆགས་པ་ཚོས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་སྣེ་ཁྲིད་བྱེད་དགོས”ཞེས་པ་སོགས་མང་ཚོགས་ཁྲོད་ནས་བླངས་ཏེ་མང་ཚོགས་ཁྲོད་དུ་སྤེལ་རྒྱུ་ནི་ཆོས་ཉིད་ལ་ངོས་འཛིན་བྱེད་པ་ནས་ཆོས་ཉིད་བཀོལ་སྤྱོད་བྱེད་པའི་བར་དུ་བསྒྱུར་བ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་ཁྲིད་གནང་ནས་དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་རེད།
  2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་བརྟག་ཐབས་སྨྲ་བ་གསལ་འགྲེལ་གཏིང་ཟབ་གནང་བ་སྟེ“འུར་ཐེངས་གཅིག་ལ་སྤེལ་བ་དང་དོན་སྟོང་པ་ཅན་ལ་འགྱུར་རྒྱུ་བཀག་འགོག་བྱེད་དགོས་ལ། རྣམ་པ་གཅིག་ཁོ་ན་བྱེད་མི་རུང་། ས་གནས་ཁག་གིས་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་འཛུགས་རྗེས་གཏོར་དང་། ཡུལ་བབ་དང་བསྟུན་པ། རིགས་དབྱེ་མཛུབ་ཁྲིད་བཅས་མཐའ་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་དང་། དོན་དངོས་ལ་གཞིགས་ཏེ་བྱ་གཞག་དང་ལས་དོན་ལ་འཆར་འགོད་བྱས་ནས། བཏོན་པའི་ཐབས་ཤེས་དང་། སྲིད་ཇུས། ཇུས་གཞི་བཅས་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ། ཚན་རིག་གི་སྙིང་སྟོབས་དང་མཐུན་པ་བཅས་བྱུང་སྟེ། གསར་གཏོད་རང་བཞིན་གྱི་ལས་དོན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་ཐུབ”ཅེས་ནན་བཤད་གནང་བ་རེད།
  དོན་དངོས་ལ་གཞི་ཚུགས་པ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ་ནི་བསམ་བློ་དང་ཐབས་ཤེས་ཀྱི་གནད་དོན་ཁོ་ན་མིན་པར་ཏང་གཤིས་བརྟན་པོ་ཡོད་མེད་ཀྱི་གནད་དོན་ཞིག་ཀྱང་རེད། “འུར་ཐེངས་གཅིག་ལ་སྤེལ་ནས”རྨོངས་ཚོད་དང་ཨུ་ཚུགས་ཀྱིས་སྒྲུབ་པའི་རིགས་སྔོན་འགོག་ཇི་ལྟར་བྱེད་པ་དང་། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་ཇི་ལྟར་བྱེད་པ། བསམ་ཇུས་གཅིག་གི་བཀོད་པའི་འོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཇི་ལྟར་བྱེད་པ་བཅས་ཐམས་ཅད་ཀྱིས་སྲིད་རྗེས་ལྟ་བར་ཚོད་བགམ་བྱེད་ཀྱི་ཡོད།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆེ་སྒྲུབ་མྱུར་སྤེལ་གྱི་ངར་ལངས་མི་རུང་ལ། ཆོས་ཉིད་ལྟར་བྱ་བ་མི་སྒྲུབ་པར་འཕྲལ་བདེ་འཕྲལ་ཕན་ལ་རྔམ་པ་དང་གྲུབ་འབྲས་མྱུར་ཐོན་ལ་བྲེལ་འཚུབ་ཀྱང་བྱེད་མི་རུང་། ངང་ཐུང་དང་འཚབ་འཚུབ་ཀྱི་སེམས་ཁམས་དེ་རིགས་ཚང་མ་ལྷོད་ལ་བབས་པར་བྱས་ཏེ་ཏན་ཏན་ཏིག་ཏིག་དང་དོ་དོ་ནན་ནན་ངང་དེང་རབས་ཅན་འཛུགས་སྐྲུན་བྱེད་དགོས”ཞེས་བཀའ་མངགས་ཟབ་མོ་གནང་ཡོད།
  “སྔོན་ཆད་ང་ཚོར་ཐོབ་པའི་གྲུབ་འབྲས་ཐམས་ཅད་ནི་དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་བྱུང་བ་རེད། དེ་རིང་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་བར་ད་དུང་དངོས་ཐོག་བདེན་འཚོལ་བྱེད་དགོས”ཞེས་པ་འདི་ནི་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དང་འཐབ་ཇུས་ཀྱི་ངེས་ཤུགས་ཤིག་རེད།