ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།
སྤེལ་དུས 2025-01-13
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན
རྩོམ་པ་པོ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་རྩིས་བཤེར་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད། ཁོང་གིས། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནང་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་ལམ་ལོ་ཤས་རིང་། རྩིས་བཤེར་སྡེ་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོར་གཞིགས་ཐོག དཔལ་འབྱོར་ལྟ་སྐུལ་གྱི་གནས་ཚད་ལ་གཞི་རྐང་ཚུགས་ཏེ། དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་ལ་སྲུང་སྐྱོང་། ཉེན་ཁའི་མངོན་མེད་རྐྱེན་ངན་ཐེར་འདོན། རུལ་སུངས་ལ་ངོ་རྒོལ་དང་ཟང་ཟིང་བཅོས་སྐྱོང་སོགས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག འགན་འཁྲི་གཙོ་བོ་དང་བྱ་གཞག་གཙོ་བོར་དོ་ཁུར་བྱས་ནས། བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཅིག་སྡུད་གཅིག་གྱུར་དང་ཁྱོན་ཡོངས་ལ་ཁེབས་པ། ཁུངས་བཙན་དང་ལས་ཆོད་མཐོ་བ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་ཅིག་ནུས་ཤུགས་ཡོད་རྒུས་གཏོད་ཅིང་། རྩིས་བཤེར་ལྟ་སྐུལ་གྱི་སྤུས་ཚད་དང་ལས་ཆོད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་རྩིས་བཤེར་ལྟ་སྐུལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་ངང་གོང་འཕེལ་འགྲོ་རྒྱུར་འགན་ལེན་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
རྒྱལ་ཡོངས་རྩིས་བཤེར་ལས་དོན་གྲོས་ཚོགས་དང་རྒྱལ་ཁབ་ཀྱི་རྩིས་བཤེར་སྡེ་ཁག་གི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་དེ་ཟླ་1ཚེས་10ཉིན་ནས་ཚེས་11ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། ཚོགས་འདུའི་ཐོག རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་གཅིག་ལྕོགས་ཝུའུ་ཀྲེང་ལུང་གིས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་། རྒྱལ་ཡོངས་ཀྱི་རྩིས་བཤེར་སྡེ་ཁག་གི་སྔོན་ཐོན་མཉམ་སྡེབ་80དང་སྔོན་ཐོན་ལས་དོན་པ་45ལ་གཟེངས་བསྟོད་ཐོབ་ཡོད།