ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་དང་མཇལ་མོལ་གནང་བ།

སྤེལ་དུས 2025-01-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  ཟླ་1ཚེས་15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་སི་རི་ལན་ཁའི་ཙུང་ཐུང་ཏི་ས་ནཱ་ཡ་ཁེ་དང་མཇལ་མོལ་གནང་བ་རེད།
  ཞི་ཅིན་ཕིང་གིས། ཀྲུང་གོ་དང་སི་རི་ལན་ཁའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་བཟང་པོ་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་68སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་མི་འདྲ་བ་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་མིག་དཔེ་བཏོད་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན། ཀྲུང་གོ་དང་སི་རི་ལན་ཁའི་དབར་གྱི་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་དང་མི་རབས་ནས་མི་རབས་བར་མཛའ་གྲོགས་ལྡན་པའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་བདེ་སྐྱིད་བསྐྲུན་ཡོད། མིག་སྔར། ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བར་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་པས། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བར་དམ་འཛིན་བྱས་ཏེ། ཀྲུང་གོ་དང་སི་རི་ལན་ཁའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་གཏོད་དགོས་ཞེས་བསྟན་གནང་ཡོད།
  ཞི་ཅིན་ཕིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སི་རི་ལན་ཁ་དེ་ཉིད་མཐའ་འཁོར་ཕྱི་འབྲེལ་གྱི་ཁ་ཕྱོགས་གལ་ཆེན་དུ་འཇོག་གི་ཡོད་པ་དང་། སི་རི་ལན་ཁས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་དང་། སི་རི་ལན་ཁ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བདག་ངང་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། སི་རི་ལན་ཁ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་སྡེ་ཁག་ཁག་གི་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་འདོད་ཡོད། ཀྲུང་གོས་སྔར་ལས་ལྷག་པའི་ངང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེས་སི་རི་ལན་ཁའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁས་དཔལ་འབྱོར་འཛུགས་སྐྲུན་ལ་དམིགས་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དེང་རབས་ཞིང་ལས། གྲངས་འཛིན་དཔལ་འབྱོར། རྒྱ་མཚོའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་བཀྲག་མདངས་འཚེར་ས་གསར་པ་གཏོད་པར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན། ཕྱོགས་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་ཐག་དེ་བས་ཉེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་ནང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གནམ་གཤིས་འགྱུར་ལྡོག་སོགས་མིའི་རིགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་ཐུབ་པ་བྱས་ཏེ། ས་ཁུལ་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
  ཏི་ས་ནཱ་ཡ་ཁེས། ལོ་གསར་པ་ཤར་མ་ཐག་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོར་དཔལ་འབྱོར་དང་ཚན་རྩལ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པར་ཡིད་སྨོན་ཞུ་ཡི་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་སི་རི་ལན་ཁའི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཞིག་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་ཡི་ཡོད་ཅིང་། སི་རི་ལན་ཁ་ཕྱོགས་ཀྱིས་རང་བཙན་དང་བདག་དབང་། ལུགས་མཐུན་ཁེ་དབང་བཅས་སྲུང་སྐྱོང་བྱེད་པའི་ཐད་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་རྩ་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཧུར་ཐག་གཞོལ་ནས་ས་ཁུལ་གྱི་མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རམས་འདེགས་བྱེད་ཀྱི་ཡོད་ཅིང་། ཀྲུང་གོའི་ཁེ་ལས་དེ་བས་མང་བ་སི་རི་ལན་ཁར་མ་འཇོག་དང་བྱ་གཞག་དར་སྤེལ་གཏོང་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་བཀོད་དང་ནུས་ཁུངས། ཞིང་ལས། དངུལ་རྩ། དབུལ་པོ་ཉུང་གཏོང་། གྲངས་འཛིན་བརྗེ་སྒྱུར། ཡུལ་སྐོར། རྒྱ་མཚོ། མི་སྣ་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྣེ་ཁྲིད་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་སྤྱིའི་བྱ་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་ཕྱོགས་མང་འདུ་ར་ཁག་ཏུ་མཐུན་སྦྱོར་ལ་ཤུགས་སྣོན་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད་ཅེས་བསྟན་ཡོད། 
  མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དང་། ཞིང་ལས་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་། སྤྱི་ཚོགས་དམངས་འཚོ། གསར་འགྱུར་རླུང་འཕྲིན་བརྙན་འཕྲིན་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།
  མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཏི་ས་ནཱ་ཡ་ཁེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད། 
  གནམ་བདེ་སྒོ་མོའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་པ་དང་གུས་ལུགས་དམག་གིས་གྲལ་སྟར་བསྒྲིགས་ནས་གུས་ལུགས་མཚོན་པར་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་པ་དང་། དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་སི་རི་ལན་ཁ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། ཏི་ས་ནཱ་ཡ་ཁེ་ཡིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་གནང་ཡོད།
  ཉིན་དེའི་དགོང་མོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཏི་ས་ནཱ་ཡ་ཁེ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
  ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།