ཞི་ཅིན་ཕིང་ནས་ནུའུ་ཆའོ་མ་སྐུ་གཤེཊ་པར་མྱ་ངན་ཞུ་འཕྲིན་བཏང་གནང་བ།
སྤེལ་དུས 2025-02-11
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་10ཉིན་ནཱ་སྨི་པི་ཡའི་རྒྱལ་འཛུགས་ཙུང་ཐུང་ནུའུ་ཆའོ་མ་སྐུ་གཤེགས་པར་ནཱ་སྨི་པི་ཡའི་ཙུང་ཐུང་མུའུ་པེན་པ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་ནས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་མྱ་ངན་ཟབ་མོ་ཞུས་པ་དང་། དེ་སྔའི་ཙུང་ཐུང་ནུའུ་ཆའོ་མ་ཡི་གཉེན་ཉེ་དང་། ནཱ་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། དེ་སྔའི་ཙུང་ཐུང་ནུའུ་ཆའོ་མ་ནི་ཨ་ཧྥེ་རི་ཁ་གླིང་གི་ཆབ་སྲིད་མཁས་ཅན་དང་གསར་བརྗེ་མཁས་ཅན་རྒན་རབས་ཤིག་ཡིན། ཁོང་གིས་དེ་སྔ་ནཱ་སྨི་པི་ཡའི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱས་པ་དང་མངོན་གྱུར་བྱུང་ཡོད་ཅིང་། རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་ལམ་བུ་འབད་བརྩོན་ཆེན་པོས་འཚོལ་ཞིབ་བྱས་ཏེ། ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ཁོང་སྐུ་འཚོ་ཞུགས་སྐབས་ཀྲུང་གོའི་བར་གྱི་མཛའ་གྲོགས་ཀྱི་འབྲེལ་བ་མཐའ་གཅིག་ཏུ་རྒྱུན་བསྐྱངས་ཏེ། ཀྲུང་གོ་དང་ནཱ་སྨི་པི་ཡའི་སྲོལ་རྒྱུན་མཛའ་གྲོགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་གནང་ཡོད། ཁོང་སྐུ་གཤེགས་པ་དེ་ནི་ནཱ་སྨི་པི་ཡའི་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་དང་གྲོགས་པོ་ཡག་པོ་ཞིག་ཀྱང་མེད་པར་གྱུར་ཡོད། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་དང་ནཱ་སྨི་པི་ཡའི་སྲོལ་རྒྱུན་མཛའ་གྲོགས་ལ་བརྩི་མཐོང་ཆེན་པོ་བྱེད་པ་དང་། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ནཱ་སྨི་པི་ཡའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་དེ་བས་ཆེ་བ་འགྲོ་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།