ངག་རྒྱུན་དུ་རི་ཆུའི་ལྟོ་རྟེན་རི་དང་ཆུ་ཁའི་ཆུ་རྟེན་ཆུ་ཡིན་ཞེས་ཤོད་སྲོལ་ཡོད། འོན་ཀྱང་། མཚོ་སྔོན་པོའི་ངོགས་སུ་ཉ་བཟུང་ནས་འཚར་ལོངས་བྱུང་བའི་ལི་དབྱི་ཧྥན་གྱིས་ཉ་འཛིན་ཡོ་བྱད་བཞག་ནས་ཙོང་ཉ་སྲུང་སྐྱོང་བྱེད་པའི་ལས་ལ་གཞོལ་བས“ཉ་པ”ནས“ཉ་སྲུང་བ”ཞིག་ཏུ་གྱུར་ཡོད།
ལི་དབྱི་ཧྥན་འདི་ལོ་ལོ་40ཡིན་པ་དང་། ཁོང་གི་ཕ་མེས་ཀྱིས་དུས་རབས་གོང་མའི་ལོ་རབས་50པར་མཚོ་སྔོན་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་ནས་རྐང་ཚ་རྫོང་དུ་སྤོས་ཏེ་ཉ་འཛིན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ལི་དབྱི་ཧྥན་ལོ་12ལ་སླེབས་སྐབས་སྤོ་ལགས་ཀྱི་ས་ནས་ཉ་འཛིན་སྟངས་སྦྱངས།
རྐང་ཚ་རྫོང་ནི་མཚོ་སྔོན་པོ་དང་ཐག་ཉེ་ཤོས་ཀྱི་རྫོང་ཞིག་རེད། ལོ་ལྟར་གྱི་ཟླ་6པ་ནས་8པ་བར། དེ་གར་གནམ་གཤིས་རིམ་བཞིན་དྲོ་རུ་སོང་ནས་ཙོང་ཉ་ཕྱིར་ལོག་བྱེད་པའི་དུས་ཚིགས་འཆར་གྱི་ཡོད། མཚོ་སྔོན་པོའི་ཚྭ་དང་བུལ་ཏོག་འདུས་ཚད་ཧ་ཅང་མཐོ་པོ་ཡོད་པ་དང་། ཙོང་ཉའི་ཉ་ཕྲུག་ཚྭ་མེད་ཆུའི་ནང་སྐྱེས་པ་དང་དེ་རྗེས་མཚོ་སྔོན་པོར་ཡོང་ནས་འཚར་བ་དང་། དེ་ནས་ལོངས་རྗེས་བསྐྱར་དུ་ཚྭ་མེད་ཆུའི་ནང་སྒོ་ང་བཏང་སྟེ་སླར་ཡང་ཕྱིར་ལོག་གི་ཡོད། རྐང་ཚ་རྫོང་ཁོངས་ཀྱི་འོམ་ཆུ་དང་། ཁྱོན་འཁྱིལ་ཆུ་བོ། དཔལ་དགེ་ཆུ་བོ། བུ་ཧུ་ཆུ་བོ། སྐྱིད་སྨོན་ཆུ་བོ་བཅས་ཆུ་ལམ་གཙོ་བོ་5ནི་ཙོང་ཉ་ཕར་ལོག་ཚུར་འོང་བྱེད་པའི་ཆུ་ལམ་ཞིག་རེད།
མཚོ་སྔོན་པོའི་དམིགས་བསལ་གྱི་ཉ་རིགས་ཡིན་པའི་ཙོང་ཉར“མཚོ་སྔོན་པོའི་ཉ་ལུའོ་ལི”ཞེས་ཀྱང་ཟེར་བ་དེ་ནི་མཚོ་སྔོན་པོའི“ཆུ་དང་། བྱ་རིགས། ཉ་རིགས”བཅས་ཀྱི་སྣོད་བཅུད་སྦྲེལ་ཐག་གི་ལྟེ་བའི་ལྷུ་ཚིགས་ཤིག་ཡིན། 2004ལོར《ཀྲུང་གོའི་སྐྱེ་དངོས་རིགས་ཀྱི་གསར་བརྗེའི་མིང་གཞུང》ནང་དེ་སྔ་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཀྱི་གྲས་སུ་བཅུག་ཡོད།
1994ལོ་ནས་བཟུང་། སྲིད་གཞུང་གིས་མཚོ་རྒྱ་བསྡམས་ནས་ཉ་རིགས་གསོ་སྤེལ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། 2011ལོ་ནས་འགོ་ཚུགས་པའི་མཚོ་རྒྱ་བསྡམས་ནས་ཉ་རིགས་གསོ་སྤེལ་ཐེངས་ལྔ་པའི་དུས་ཡུན་ལོ་10ཡིན་པ་དང་2020ལོའི་ཟླ་12ཚེས་31ཉིན་བར་ཡིན་པ་རེད།
མཚོ་རྒྱ་བསྡམས་ནས་ཉ་རིགས་གསོ་སྤེལ་བྱེད་འགོ་ཚུགས་པའི་སྐབས་སུ་ལི་དབྱི་ཧྥན་དང་ཉ་པ་གཞན་དག་ཚོའི་བློ་ལ་མི་བབས་པ་བྱུང་ནས། “སྔོན་ཆད་ཉ་འཛིན་ནས་འཚོ་ཐབས་བྱེད་པ་ལས་འཚོ་བའི་རྩལ་ནུས་གཞན་གང་ཡང་ཤེས་ཀྱི་མེད། གློ་བུར་དུ་ཉ་འཛིན་མ་བཅུག་པས་ཡོང་འབབ་ཉུང་དུ་སོང་བ”དེ་རེད་ཅེས་བཤད།
ལི་དབྱི་ཧྥན་གྱིས་ཙོང་ཉ་སྲུང་སྐྱོང་བྱེད་པའི་དོན་སྙིང་དངོས་འབྲེལ་ཤེས་རྟོགས་ཐུབ་པ་དེ་ནི་དོན་དག་འདི་འདྲ་ཞིག་ཡིན་པ་སྟེ།
ལོ་ཞིག་ལ་ཙོང་ཉ་ཕྱིར་ལོག་བྱེད་མང་བའི་དུས་སུ་ཐན་པ་བསྟན་པས་ཆུ་ལམ་ཆད། བུ་ཧུ་ཆུ་བོ་དང་། ཁྱོན་འཁྱིལ་ཆུ་བོ། འོམ་ཆུ་བཅས་ཆུ་བོ་ཆེན་པོ་དེ་དག་ཚང་མར་ཙོང་ཉ་ཕུང་གསོག་ཐེབས་པའི་གནས་ཚུལ་ཐོན་པས་འབྲོག་པ་དང་དང་བླངས་པ་མང་པོ་ཞིག་གིས་ཙོང་ཉ་མྱུར་སྐྱོབ་བྱས།
ལི་དབྱི་ཧྥན་གྱིས་འབྲོག་པ་དང་དང་བླངས་པ་ཁག་གཅིག་གིས་ལག་པས་ཙོང་ཉ་འཛིན་པ་མཐོང་། “ཁོང་ཚོའི་བསམ་བློ་གཏོང་སྟངས་ནི་ཡག་པོ་རེད། འོན་ཀྱང་ཐབས་ཤེས་དེ་ཡག་པོ་མ་རེད། ལག་པས་ཉ་འཛིན་སྐབས་འཁྱུག་ཙམ་ཞིག་ལ་ཆུ་རྙོག་པོ་ཆགས་ནས་ཉ་ཤི་གི་རེད”འོན་ཀྱང་མི་རྣམས་ཀྱིས་ཐོག་མར་ལི་དབྱི་ཧྥན་ལ་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད། “ཁྱེད་ཚོ་ང་ལ་ཡིད་ཆེས་མེད་ཚེ་ངས་ཙོང་ཉ་ལག་གིས་བཟུང་ནས་ཡར་འཁྱེར་ཡོང་སྟེ་ཁྱེད་ཚོ་ཚེ་ཐར་གཏོང་དང”ཞེས་ལི་དབྱི་ཧྥན་གྱིས་བརྗོད། དེས་ན། ཁོང་གིས་སྔོན་ཆད་ཉ་འཛིན་པའི་ཆེད་སྤྱོད་ཡོ་བྱད་སྤྱད་དེ་ཕུང་གསོག་ཐེབས་པའི་ཙོང་ཉ་མྱུར་སྐྱོབ་བྱས། ལས་འགན་ལེགས་གྲུབ་བྱུང་བས་འབྲོག་པ་དང་དང་བླངས་པ་ཚོས་གཞི་ནས་ཁོང་ལ་ཡིད་ཆེས་བྱེད་འགོ་ཚུགས།
དེ་ནས་བཟུང་། ལོ་ལྟར་ཙོང་ཉ་ཕྱིར་ལོག་པའི་དུས་ཚིགས་སུ་ལི་དབྱི་ཧྥན་གྱིས་རང་འགུལ་ངང་རེ་འདུན་ཞུས་ཏེ་སྲུང་སྐྱོང་བྱེད་པའི་ལས་ཀར་ཞུགས་པ་དང་། འབྲོག་པ་རྣམས་ཀྱིས་ཀྱང་ཁྱིམ་ནས་ཇ་དང་ཟས་ཁྱེར་ནས་ལི་དབྱི་ཧྥན་དང་བཅས་པར་སྤྲོད་ཀྱི་ཡོད།
མཚོ་རྒྱ་བསྡམས་ནས་ཉ་རིགས་གསོ་སྤེལ་བྱས་པ་ནས་བཟུང་། ཙོང་ཉར་སྲུང་སྐྱོང་ཐུབ་པ་དང་ཉ་པའི་འཚོ་བར་ཡང་ལེགས་བཅོས་བྱུང་ཡོད།
ནང་གི་རྒན་རྒོན་གྱིས་ལི་དབྱི་ཧྥན་ལ་དངུལ་ཁང་ནས་དངུལ་བུན་གཡར་ཏེ་ལུག་གསོ་བ་དང་མོ་ཊ་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ལ་གཞོལ་རྒྱུའི་སྐུལ་ལྕག་བྱས། རིམ་གྱིས་བྱ་གཞག་ཡར་རྒྱས་ཕྱིན་ནས་འཚོ་བ་ཡང་ཇེ་ལེགས་སུ་སོང་ཕྱིན། ལི་དབྱི་ཧྥན་གྱིས་ཉ་འཛིན་པ་ཕུད་ད་དུང་དེ་བས་ལེགས་པའི་འཚོ་ཐབས་ཡོད་པ་ཚོར། ཁོང་གིས“ལོ་འདི་དག་རིང་། མཚོ་འགྲམ་དུ་སོང་ཚེ། སྟོད་རྒྱུད་ནས་ཡོང་བའི་ཙོང་ཉ་གང་སར་མཐོང་ཐུབ། སྔོན་དུས་ཡིན་ན་འདི་འདྲ་ཧ་ཅང་མཐོང་དཀའ་བ་ཞིག་ཡིན། ངའི་སྤོ་བོ་ལགས་ཀྱིས་དེ་སྔོན་དེ་ཁུལ་ནི་སྣོད་བཅུད་ཧ་ཅང་བཟང་བའི་ས་ཆ་ཞིག་ཡིན་ཞེས་བཤད་མྱོང་ཡོད། ཡིན་ན་ཡང་ང་ཚོར་ཆ་མཚོན་ན་དེ་ནི་མངོན་སུམ་མིན་པའི་སྒྲུང་ཞིག་ཉན་པ་དང་འདྲ། ད་ཆ་སྒྲུང་ནང་གི་ཡུལ་ལྗོངས་དག་ང་ཚོའི་མིག་ལམ་དུ་ཇི་མ་ཇི་བཞིན་དུ་མངོན་བྱུང”ཞེས་བཤད།
ལི་དབྱི་ཧྥན་གྱིས་ད་ཆ་ཐོ་འགོད་བྱས་ནས་ཀུང་སི་ཞིག་བཙུགས་པ་དང་ལས་མི་12ཡོད། ལས་མིའི་གླ་ཆ་དང་སྐྱེལ་འདྲེན་གྱི་མ་གནས་སོགས་ཕུད་ལོ་རེར་ད་དུང་ཡོང་འབབ་སྒོར་ཁྲི་བཅུ་ཉི་ཤུ་ཙམ་ཡོད་པ་རེད། མཚོ་སྔོན་པོ་སྔར་བས་ལྟ་ན་སྡུག་པར་གྱུར་པ་དང་བསྟུན་ནས་མི་སྔར་ལས་མང་བ་ཡུལ་སྐོར་དུ་ཡོང་སྲིད། “ངའི་ཀུང་སིས་ཡུལ་སྐོར་ཚོང་གཉེར་བྱེད་ཀྱི་ཡོད། ཡུལ་སྐོར་བ་ཁྲིད་ནས་འབྲོག་པའི་འཚོ་བ་དང་ས་ཆ་འདི་གའི་དམངས་སྲོལ་རིག་གནས་ཤེས་རྟོགས་བྱེད་ཀྱི་ཡོད”ཅེས་ཁོང་གིས་བརྗོད།
“ཡུལ་སྐོར་དུས་ཚིགས་ཡག་ཤོས་ཀྱི་སྐབས། ཨ་མས་ཁྱིམ་དུ་ཞོ་བསྙལ་ནས་ཡུལ་སྐོར་བར་འཚོང་གི་ཡོད། ཨ་ཕས་ཉིན་ལྟར་བགྲེས་སོང་གཞན་དག་དང་མཉམ་དུ་ལས་ཀ་དང་། ལུས་སྦྱོང་། ཏག་སེ་རྩེ་བ་སོགས་བྱེད་ཀྱི་ཡོད། ཕྲུ་གུ་ཚོས་ཀྱང་བློ་བདེ་པོའི་ངང་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། ད་ཆའི་འཚོ་བ་དངོས་གནས་སྐྱིད་པོ་འདུག”ཅེས་ལི་དབྱི་ཧྥན་གྱིས་བརྗོད།
གསར་འགོད་པའི་ཟིན་ཐོ།
ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད།
མཚོ་སྔོན་པོ་སྐོར་བས་ན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མྱོང་རོལ་བྱེད་ཐུབ། གནས་འདི་གར་སྣོད་བཅུད་སྲུང་སྐྱོང་ནི་མི་རྣམས་ཀྱི་རང་རྟོགས་བྱ་སྤྱོད་དུ་གྱུར་འདུག
མཚོ་སྔོན་པོ་ནི་རང་བྱུང་གི་སྣོད་བཅུད་མ་ལག་རྒྱ་ཆེན་པོ་ཞིག་རེད། ལོ་མང་པོར་མཚོ་རྒྱ་བསྡམས་ནས་ཉ་རིགས་གསོ་སྤེལ་བྱས་པས་ཙོང་ཉ་དང་འདབ་ཆགས་ཇེ་མང་དུ་སོང་ནས་ཉ་དང་བྱ་རིགས་མཉམ་གནས་ཀྱི་སྣོད་བཅུད་མ་ལག་ཡག་པོ་ཞིག་ཏུ་འགྱུར་བཞིན་འདུག གཡའ་དག་པའི་ནམ་མཁའི་འོག་ཏུ་མཛེས་ལ་ཉམས་དགའ་བའི་མཚོ་སྔོན་པོར་འདབ་ཆགས་སྣ་ཚོགས་ཀྱིས་འཕུར་ལྡིང་བྱེད་ཅིང་། “བྱ་ཚོགས་དང་ཉ་མོ་ཅི་དགར་རོལ་བའི”རྣམ་པ་ལས་ཡིད་དབང་འཕྲོག་པའི་མཛེས་རིས་ཤིག་གྲུབ་ཡོད།
མཚོ་སྔོན་པོ་སྐོར་སྐབས“ང་ཡི་མཚོ་སྔོན་ལ་དགའ། ཙོང་ཉར་སྲུང་སྐྱོང་བྱེད”ཅེས་པའི་འཕྲེད་འགེལ་སྦྱར་ཡིག་གང་སར་མཐོང་རྒྱུ་ཡོད། ཙོང་ཉར་སྲུང་སྐྱོང་བྱེད་མཁན་འབྲོག་པས་ཤོད་མང་ཤོས་ནི“ཙོང་ཉར་སྲུང་སྐྱོང་བྱེད་པ་ནི་མཚོ་སྔོན་པོར་སྲུང་སྐྱོང་བྱེད་པ་ཞིག་ཡིན་ལ། ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ་ཞིག་ཀྱང་ཡིན”ཞེས་པ་དེ་རེད།