ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ལིན་ཀྲེང་གཡོད་ཨེར་དང་ཧོ་དབྱི་ཁྲེང་ཁག་སོ་སོར་མཇལ་འཕྲད་གནང་བ།

སྤེལ་དུས 2021-12-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་ནན་ཧའེ་ཡི་ཡིང་ཐའེ་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེར་མཇལ་འཕྲད་གནང་ནས་ཁོང་གིས་ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སེང་ཞུས་པ་གསན་པ་རེད།
          ཞི་ཅིན་ཕིང་གིས། ལོ་གཅིག་གི་རིང་ཤང་ཀང་གི་ཟང་ཟིང་ནས་བཅོས་སྐྱོང་བར་གྱི་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་དུས་བབ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་དཔལ་འབྱོར་རིམ་བཞིན་སླར་གསོ་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལ་འགོ་ཁྲིད་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ཁྲིམས་འཛུགས་གཞིར་བཟུང་ཤང་ཀང་གི་འདེམས་བསྐོའི་ལམ་ལུགས་ལ་ཆ་ཚང་བའི་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་དང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་བདེ་བླག་ངང་སྤེལ་ནས་ཤང་ཀང་གི་དོན་དངོས་དང་མཐུན་པའི་དམངས་གཙོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་ཞིག་སྤོས་པ། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་ཁྲིམས་ལྟར་གཏུམ་འགོག་ཟིང་བཅོས་དང་ཟིང་བཅོས་ཡོ་བསྲང་བྱས་ཏེ་ཁྲིམས་སྐྱོང་གི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་བྱས་པ། དགེ་མཚན་ལྡན་པའི་བྱེད་ཐབས་སྤྱད་དེ་དམིགས་བསལ་སྲིད་འཛིན་ཁུལ་དེ་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་བཏང་ནས་ནང་ས་དང་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་ཡོད། ཀྲུང་དབྱང་ནས་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀར་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། ཉིན་ཤས་གོང་ཤང་ཀང་དུ་སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་བྱས་ཡོད། འདེམས་བསྐོའི་ལམ་ལུགས་གསར་པའི་འོག་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོ་ཨུ་ཡོན་ལྷན་ཁང་འདེམས་བསྐོ་དང་སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་སྔ་རྗེས་སུ་བྱས་པ་གཉིས་ཀར་གྲུབ་འབྲས་ཐོབ་ཡོད། རྒྱ་ཆེའི་སྤུན་ཟླ་ཤང་ཀང་བའི་རང་ཁྱིམ་རང་བདག་གི་དམངས་གཙོའི་དབང་ཆ་གང་ལེགས་མངོན་པ་དང“རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི”རྩ་དོན་དོན་འཁྱོལ་བྱུང་ཞིང་། སྤྱི་ཚོགས་ཀྱི་རིམ་གྲས་ཁག་དང་ལས་རིགས་ཁག་རྒྱ་ཁྱབ་དང་དོ་མཉམ་གྱི་སྒོ་ནས་ཐེ་ཞུགས་བྱེད་པའི་ཆབ་སྲིད་ཀྱི་གནས་སྟངས་གཏན་འཁེལ་བྱུང་ཡོད། ལག་ལེན་གྱི་ཐོག་ནས་འདེམས་བསྐོའི་ལམ་ལུགས་གསར་པ་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་དང་མཐུན་ལ་ཤང་ཀང་གི་དོན་དངོས་དང་ཡང་མཐུན་ཞིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་བགྲོད་རྒྱང་འཁྱོལ་འགན་ལེན་དང་། ཤང་ཀང་ཡུན་རིང་དར་རྒྱས་དང་བརྟན་ལྷིང་འགན་ལེན་བྱེད་པར་ལམ་ལུགས་ཀྱི་འདེགས་སྐྱོར་བྱས་ཡོད་པས་དེ་ནི་ལམ་ལུགས་ཡག་པོ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད་ཅེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད་བཏོན་པ་དང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དེ་ནང་དོན་གལ་ཆེན་ལ་བརྩིས་ནས་དེའི་ནང་བཀོད་ཡོད། ཤང་ཀང་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་20ལྷག་ཙམ་གྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་བསྟར་བྱས་ན། རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་པ་དང་། ཤང་ཀང་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་པ། རྒྱ་ཆེའི་སྤུན་ཟླ་ཤང་ཀང་བའི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་པ་ར་སྤྲོད་གང་ལེགས་བྱུང་ཡོད།
          ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། ལག་ལེན་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་ལམ་ལུགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་པ་དང་སྦྲགས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཁྱད་འཕགས་རང་བཞིན་སྔར་བས་མངོན་རྒྱུ་དང་། རྒྱ་ཆེའི་སྤུན་ཟླ་ཤང་ཀང་བས་རྒྱལ་གཅེས་དང་ཤང་ཀང་ལ་དགའ་ཞེན་གྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོ། ཀྲུང་ནན་ཧའེ་དབྱིང་ཐའེ་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་ལ་མཇལ་འཕྲད་གནང་ནས། ཁོང་གིས་ཨའོ་མོན་གྱི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀའི་གནས་ཚུལ་སྐོར་གྱི་སྙན་སེང་ཞུས་པ་གསན་པ་རེད།
          ཞི་ཅིན་ཕིང་གིས། ཟླ་12ཚེས་20ཉིན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་22འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཡོད། གོ་སྐབས་འདི་དང་བསྟུན་ནས་རྒྱ་ཆེའི་སྤུན་ཟླ་ཨའོ་མོན་བར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས་གསུངས་དོན། ལོ་གཅིག་རིང་ཨའོ་མོན་གྱིས་བརྟན་ལྷིང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཤིང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་ནས། རིམས་ནད་གསར་འཕར་མི་ཡོང་བ་ཧུར་ཐག་གིས། ནང་སའི་མི་སྣ་དང་རྒྱུན་ལྡན་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ཡོད། ཨའོ་མོན་གྱི་དཔལ་འབྱོར་རིམ་གྱིས་སླར་གསོ་བྱུང་ནས་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་ཕྲན་ཚེགས་ཁེ་ལས་ལ་རོགས་སྐྱོར་ཐོབ་ཡོད། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་བདེ་བླག་ངང་ལེགས་གྲུབ་བྱུང་ནས། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་སྔར་བས་དོན་འཁྱོལ་བྱུང་ཡོད། ཀྲུང་དབྱང་གིས《ཧོང་ཆིན་གྱི་ཀོང་ཏུང་དང་ཨའོ་མོན་མཉམ་ལས་གཏིང་ཟབ་ཁུལ་བསྐྲུན་རྒྱུའི་སྤྱིའི་ཇུས་གཞི》ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཨའོ་མོན་མཉམ་འདྲེས་བྱ་རྒྱུར་གོམ་སྟབས་གསར་པ་ཞིག་སྤོས་ཡོད། ཀྲུང་དབྱང་གིས་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད།
          ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མུ་མཐུད་མཆེད་ནས། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ད་ཐེངས་ཀྱི་རིམས་ནད་བརྒྱུད་ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གིས་ཨའོ་མོན་གྱི་དཔལ་འབྱོར་གྲུབ་ཆའི་ཐད་ལྷག་པའི་གནད་དོན་ལ་ངོས་འཛིན་དེ་བས་གསལ་པོ་བྱས་ཏེ། ཨའོ་མོན་འཕེལ་རྒྱས་ཀྱི་ལམ་ཕྱོགས་ལ་བསམ་གཞིག་སྔར་བས་གཏིང་ཟབ་བྱས་ཡོད། མེས་རྒྱལ་ནི་ཐོག་མཐའ་བར་གསུམ་དུ་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཞིག་ཡིན། ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མུ་མཐུད་ལག་ལེན་བསྟར་བ་དང་། ཨའོ་མོན་གྱིས་དཔལ་འབྱོར་འོས་འཚམ་དང་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ནས། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ལྡན་པའི་ལག་ལེན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུ་རེད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།