ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་ཤོས།

མཐར་ཕྱིན་སློབ་མར་སྤྲིངས་པའི་འཕྲིན་ལང་ཚོའི་མེ་ཏོག

སྤེལ་དུས 2022-06-17 ཡོང་ཁུངས། ཁྲིམས་ལུགས་ཚགས་པར། རྩོམ་པ་པོ། མགར་ཨ་ཁྱུང་།
          མཐར་ཕྱིན་པ་ནི་མི་ཚེའི་བརྒྱུད་རིམ་ཁྲོད་བགྲོད་དགོས་པའི་འགག་ལམ་གཙོ་བོ་ཞིག་ཡིན། མཐར་ཕྱིན་པ་ནི་མི་ཚེའི་བརྒྱུད་རིམ་ཁྲོད་རང་ཉིད་ལ་ཡིད་ཆེས་རྙེད་པའི་གོ་རིམ་ཐེངས་གཅིག་ཡིན། མཐར་ཕྱིན་པ་ནི་རང་ཉིད་ཀྱི་རིག་ལམ་ནར་སོན་པའི་སྤྲོ་སྣང་གི་འཕུར་སྐྱོད་ཅིག་ཡིན། མཐར་ཕྱིན་པ་ནི་ཕུགས་བསམ་དགུང་དུ་བཏེགས་ཏེ་དགའ་སྐྱོ་གདོང་གིས་བསུ་བའི་ལང་ཚོའི་དབྱངས་རྟ་ཞིག་གོ །
          སློབ་མཐར་ཕྱིན་པའི་སློབ་མ་ཞིག་ལ་མཚོན་ན་ལོ་ཟླའི་ཆུ་རྒྱུན་རིང་མོའི་དུས་རིམ་ཁྲོད་དགོས་འདོད་ཀྱི་ནོར་བུ་འཚོལ་ཆེད་དུ་རིག་པའི་ཅང་ཤེས་ལ་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་ནས་དཀའ་སྡུག་འབུམ་ཕྲག་གདོང་གིས་བསུས་མྱོང་ལ། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་དུ་ཡོན་ཏན་མ་ལུས་བརྩོན་པའི་རྒྱུན་མ་བཏང་བར་སྦྱངས་པས་འབྲས་ལྡན་གྱི་དཔག་བསམ་ལྗོན་ཤིང་རབ་ཏུ་རྒྱས་པ་མ་ཡིན་ནམ། གསོང་བོར་བརྗོད་ན་མི་སུ་ཡིན་ཡང་རང་ལ་གྲུབ་འབྲས་མངོན་གསལ་ཞིག་བྱུང་བ་ལ་རྒྱུ་རྐྱེན་རྟེན་འབྲེལ་མ་ཚོགས་པར་གྲུབ་པ་ཞིག་ཡོད་མི་སྲིད་ལ། དེ་ཡང་རྗེ་ཐམས་ཅད་མཁྱེན་པས་ཀྱང་། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། ། རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། ། ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། ། བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། ། མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། ། བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱས། ། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བྱས། ། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། ། ཞེས་གསུངས་པ་དང་ཡང་ཇི་སྐད་དུ། ཡོན་ཏན་མ་ལུས་བརྩོན་པའི་རྗེས་སུ་འབྲངས། ཞེས་གསུངས་པ་བཞིན་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་ནི་རང་གི་དགེ་བའི་བཤེས་གཉེན་དང་རང་གི་བརྩོན་པ་ལ་བརྟེན་ནས་བྱུང་བར་གདོན་མི་ཟ།
          གནམ་གྱིས་ས་བཀབ་པ་ལྟ་བུའི་མཚན་ནས་བརྗོད་དཀའ་བའི་སྔོན་བྱོན་མཁས་པ་དག་གིས་ཀྱང་ཁྱེད་ཅག་བཞིན་དུ་དྲིན་ཅན་གྱི་ཕ་མ་དང་ཕ་ས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་གཞན་སྡེ་འགྲིམས་པའི་ཚུལ་སྨྲས་ན། རང་རེའི་ཡི་གེའི་བྱེད་པོའམ་ལོ་ཙྰ་བའི་ཐོག་མ་ཐོན་མི་སམ་བྷོ་ཊ་ལམ་བགྲོད་པར་དཀའ་ཞིང་ཚ་བའི་སྡུག་བསྔལ་ཐེག་དཀའ་བའི་རྒྱ་གར་ཡུལ་དུ་རང་གི་སྲོག་ཀྱང་བསྡོས་ཏེ་བསྐྱོད་ཅིང་། སྲིད་པའི་ཁམས་ན་དཀོན་པའི་བོད་ཡིག་གསར་བཟོ་མཛད་པས་འུ་ཅག་རྗེས་རབས་པ་རྣམས་གཞན་ལ་ངོ་གནོངས་མི་དགོས་པའི་རིན་ཆེན་དང་པོ་འདི་འདྲ་ཞིག་བསྐྲུན་པ་མ་ཡིན་ནམ། ཡང་ནམ་མཁའི་མཐའ་དང་མཉམ་པའི་མཁས་པའི་དབང་བོ་བཻ་རོ་ཙ་ན་དང་། ཉི་ཟླའི་ཚུལ་དུ་བཞུགས་པའི་སྐ་ཅོག་རྣམ་གཉིས་དང་། བསྟན་པའི་མེ་རོ་སྨད་ནས་གསོ་མཁན་གྱི་དབུས་གཙང་མཁས་པ་མི་བཅུ་དང་ལོ་ཙྰའི་དབང་བོ་རིན་ཆེན་བཟང་བོ་སོགས་རིག་པའི་གནས་ལ་མཛད་རྗེས་བླ་མེད་བཞག་པ་ཤིན་ཏུ་མང་ལ། གཞན་ཡང་འཇམ་དབྱངས་རྣམ་གསུམ་སྟེ་ས་སྐྱ་པཎྚིཏ་ཀུན་དགའ་རྒྱལ་མཚན་དང་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར། རྗེ་ཙོང་ཁ་བ་ཆེན་མོ་བློ་བཟང་གྲགས་པ་སོགས་ཀྱིས་ཀྱང་རང་རེའི་ཡུལ་གྲུ་འདིའི་རིག་གནས་ཀྱི་དགོངས་པ་རབ་ཏུ་བརྟན་པར་གུས་རྟག་བརྩོན་འགྲུས་ཇི་ལྟར་བསྐྱེད་ཚུལ་དང་བླ་མེད་མཛད་འཕྲིན་ཇི་ལྟར་བསྐྱངས་བའི་ཚུལ་ནི། བདག་ལྟའི་བྱིས་བློའི་རྨོངས་པས་ཀུན་ནས་ཉམས་ཤིང་རྒུད་པ་ཞིག་གིས་བརྗོད་མི་དགོས་པར་ཀུན་གྱིས་ཤེས་གསལ་ཡིན་ལ། དེ་ལྟར་གྱུར་ན་ཁྱེད་ཅག་གིས་ཀྱང་སྔོན་གྱི་ལུགས་བཞིན་རིག་པའི་གནས་ལྔ་སྟེ་ལོག་སྨྲ་ཚར་གཅོད་ཀྱི་རིག་གནས་སྒྲ་ཚད་ཀྱི་གཞུང་དང་སྐལ་ལྡན་རྗེས་འཛིན་གྱི་རིག་གནས་བཟོ་གསོའི་གཞུང་། ཀུན་ཤེས་ཀྱི་རིག་གནས་ནང་དོན་རིག་པ་སོགས་རི་བོའི་གཏོས་དང་མཉམ་པའི་གཞུང་ཆེན་གངྒའི་རྒྱུན་དུ་གྱུར་བ་དེ་ཉིད་ལ་ལེགས་པར་སྦྱངས་བཞིན་པ་དེ་ནི། མ་འོངས་པ་ན་གསེར་ས་ན་ཡོད་ཀྱང་འོད་གནམ་དང་མེ་སྟག་གིས་སྤང་ལྗོངས་བསྲེགས་པའི་ཆོས་ཉིད་ཀྱི་རུ་མ་དེ་རུམ་ལ་བཅུག་ཡོད་པའི་རྒྱགས་ཕྱེ་དང་རྟགས་མཚན་ཞིག་ཏུ་འཁུམས་ཤིང་། ལར་འཇམ་མགོན་ས་པཎ་གྱིས་ཀྱང་མཁས་རྣམས་དགའ་བའི་རྒྱན་དུ་གྱུར་བའི་གནས་ལྔ་རིག་པའི་རལ་གྲི་ཡིས་མུ་སྟེགས་འཕྲོག་བྱེད་དགའ་བོ་ཁྱུར་མིད་བཏང་བའི་ལོ་རྒྱུས་བདེན་པར་མཆིས་ན། འུ་ཅག་གི་རིག་པའི་བུ་ཆུང་དག་གིས་ཀྱང་རིག་བཅུའི་དེད་དཔོན་གྲོགས་སུ་སྦྲན་ཏེ་རྒྱ་མཚོའི་ཕ་རོལ་ནས་ཕ་རོལ་དང་སྲིད་ཞིའི་ཁམས་ནས་ཁམས་སུ་བགྲོད་པའི་ཟླ་རུ་འགྱུར་བར་སྨྲས་ཅི་འཚལ།
          དུས་རབས་ཀྱི་ངར་ཁ་ན་འཚོ་བའི་ཁྱེད་ཅག་ལ་གོང་སྨྲས་བཞིན་གྱི་རང་རེའི་ལུགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཁོ་ནས་ཕོ་བ་འགྲངས་ཏེ་ཡིད་ཚིམ་རུང་བ་ཞིག་གཏན་ནས་མིན་ཏེ། དུས་རབས་འདིར་ཆེས་མཁོ་གལ་ཆེ་བ་ནི་སྲོལ་རྒྱུན་ལས་གཞན་ཚན་རིག་ལག་རྩལ་གྱི་འཇིག་རྟེན་འཕུར་གྲུ་འདི་ཡིན་ཞིང་། ཁྱེད་ཅག་གིས་ཀྱང་མ་ཡུམ་སློབ་གྲྭའི་ཁོར་མོ་ཡུག་ཏུ་སྦྲང་ཆུང་དག་མེ་ཏོག་གི་ཟེའུ་འབྲུར་རྔམ་པ་ལྟར་ཚན་རིག་ལག་རྩལ་གྱི་རྒྱུར་གྱུར་བའི་བསླབ་ཚན་ཁག་ལ་ཁུ་བྱུག་གནམ་ཆུར་རེ་བ་ལྟར་དུས་རྟག་ཏུ་བརྩོན་འགྲུས་ཀྱི་རྒྱུན་བཏང་མ་མྱོང་ལ། དེ་ཡང་ཁྱེད་ཅག་གིས་དངོས་ལུགས་རིག་པའི་ཆོས་ཉིད་ལ་བརྟེན་ནས་འོད་ཀྱི་འཇིག་རྟེན་དང་ཚ་བའི་ངོ་བོ། ཤུགས་ཀྱི་ནུས་པའི་རིག་ལམ་དག་འགྲིམས་ཏེ་ཆུང་བ་རྡུལ་ཕྲ་རབ་ནས་ཆེ་བ་འཇིག་རྟེན་བར་གྱི་འོད་རླབས་དང་སྒུལ་ཤུགས་སོགས་ཀྱི་ཕན་ནུས་དང་དགེ་མཚན་མཐོང་ཞིང་། རྫས་འགྱུར་རིག་པའི་ཚོད་ལྟའི་ཞིང་ཁམས་ནས་དངོས་པོའི་གྲུབ་ཆ་དང་ངོ་བོ་གྲུབ་རྐྱེན་སོགས་མིག་མཐོང་ལག་ཟིན་དུ་གྱུར་ཅིང་། སྐྱེ་དངོས་རིག་པའི་རྒྱང་མཐོང་ལས་ཚེ་སྲོག་གི་འབྱུང་ཁུངས་དང་འགྱུར་བ་རིགས་མཆེད་སོགས་ཐོལ་གྱིས་རྟོགས་པར་གྱུར་དང་འགྱུར་བཞིན་ལགས། གཞན་ཡང་ཆབ་སྲིད་ཀྱི་བློ་མིག་ལྡན་པས་བློ་ཕར་མི་འདྲི་ཞིང་བྲོ་མར་མི་སློང་པར་མི་རིགས་རྒྱུད་ནས་འཛིན་ཞིང་རྒྱལ་ཁབ་སྲོག་ནས་སྐྱོང་བའི་འདུ་ཤེས་ཆགས་ཤིང་། ལོ་རྒྱུས་ཀྱི་འདས་དོན་གླེང་བས་དཔའ་བོའི་དན་རྟགས་དང་མཛངས་པའི་མཛད་རྗེས་ཡིད་ལ་ངང་གིས་འཆར་སྲིད་པའི་སེམས་འདུན་གྲུབ་ཅིང་། ས་ཁམས་ཀྱི་གཤིན་ས་སྟུག་པོའི་ལྗོངས་སུ་རི་ར་བ་ཁང་ཁྱིམ་གྱིས་གྲུབ་པའི་འཇིག་རྟེན་གྱི་གསང་བ་ཡོད་ཚད་ལག་མཐིལ་ལ་སྨན་ཨ་རུ་ར་བཞག་པ་བཞིན་གསལ་ལེར་རྟོགས་པར་གྱུར་བ་བཞིན་ཡིན་ལ། ཁྱད་པར་དུ་སྐད་གསུམ་སྨྲ་བའི་བདག་ཉིད་ཅན་ཁྱེད་ཅག་གིས་ཡངས་པའི་རྒྱལ་ཁམས་མཐོང་བའི་ལེགས་ཐབས་སུ་བོད་སྐད་རང་གི་བླ་སྲོག་བཞིན་སྲུངས་ཤིང་རྒྱ་སྐད་རང་གི་རྒྱན་ཆ་བཞིན་སྤྲས་ཏེ། དབྱིན་ཡིག་རང་གི་ལག་ཆ་བཞིན་བཏེགས་པས་རང་རེ་ཡུལ་དུ་གར་འགྲོ་ལ་རང་དབང་ལྡན་ཞིང་སྤོབས་པས་ཁེངས། ནང་ལོག་འགྲིམས་པའི་སྐབས་ལ་འཕྲད་ཚེ་སྤྱི་སྐད་ལ་ཐོགས་པ་མེད་ཅིང་དག་ཆ་ཐོན། རྒྱལ་ཁམས་བསྐོར་བའི་གོ་སྐབས་ལ་བབས་ཚེ་ཕྱི་སྐད་ནི་རང་སྐད་བཞིན་སྨྲར་ཞིང་བརྗོད་པ་དག རིག་པའི་བུ་ཆུང་ལགས།གོང་དུ་གསལ་བའི་ཚན་རིག་ལག་རྩལ་གྱི་མ་མར་གྱུར་བའི་བསླབ་ཚན་དག་ནི་ཁྱེད་ཅག་གིས་ལས་སུ་བྱས་པའམ་མ་འོངས་པར་ཡང་ལས་སུ་བྱ་བ་དག་ཡིན་པས་ན། ཁྱེད་ཅག་གིས་ནམ་ནམ་ཞར་ཞར་མི་བརྗེད་མི་བསྒྱུར་མི་བསྐྱུར་བར་རང་གི་སྲོག་བཞིན་སྐྱོངས་ཤིག
          མི་སུ་དང་སུ་ཡིན་ཡང་མ་འོངས་པ་ནི་མི་ཚེའི་ཆེས་མཛེས་སྡུག་ལྡན་པའི་ཕུགས་བསམ་གྱི་རྨི་ལམ་སྣུམ་པོ་ཞིག་ཡིན་ལ་ཆེས་གལ་འགངས་ཆེ་བའི་རྒྱབ་རི་སྨུག་པོའང་ཡིན་པས། དེ་ལ་དང་དོད་ཆེན་པོ་དང་དོ་སྣང་གཙུག་ཏུ་འཛིན་རྒྱུ་ནི་ལས་ཀུན་གྱི་གཞི་མ་ཡིན་པ་ནང་བཞིན་ཁྱེད་ཅག་གིས་ཀྱང་དེ་བཞིན་བསྒྲུབས་ངེས་ཤིང་། གཞིས་ཁྱིམ་ཞིག་ལ་མཚོན་ན་ན་གཞོན་རྣམས་ནི་ཕ་ཤུལ་བུ་ཡིས་འཛིན་ཞིང་མ་ཤུལ་བུ་མོས་སྐྱོང་བའི་བདག་པོ་བདག་མོ་ཡིན་ཞིང་། མི་རིགས་ཤིག་ལ་མཚོན་ན་ན་གཞོན་རྣམས་ནི་མི་རིགས་གང་དེའི་བླ་སྲོག་ཉིད་དུ་འཁུམས་པས། ཁྱེད་རྣམས་ཀྱིས་སྲོལ་རྒྱུན་གྱི་རིག་གནས་སྲོག་རྩར་བཅངས་ཤིང་དེང་རབས་ཀྱི་རིག་གནས་བག་མར་བསུས་ཏེ། མ་འོངས་པ་ན་མི་རིགས་གང་དེའི་བྱ་གཞག་ཡོད་རྒུའི་གདོང་མཆོངས་ཀྱི་མཛངས་མི་དང་རྒྱུན་འཛིན་གྱི་དེད་དཔོན། རིག་པའི་དཔའ་བོ་བྱེད་རྒྱུ་ནི་ང་ཚོའི་སྔོན་རབས་པ་རྣམས་ཀྱི་རེ་བའི་དྭངས་མ་ཡིན་ལ། རྗེས་རབས་པ་ཁྱེད་རྣམས་ཀྱི་ཡིད་ཆེས་ཀྱི་སྒུལ་ཤུགས་ཀྱང་ཡིན་ངེས། རྒྱལ་ཁབ་ཅིག་ལ་མཚོན་ན་ན་གཞོན་རྣམས་ནི་ཤར་ཕྱོགས་སྐྱ་རེངས་དང་པོའི་ཉི་ཤར་གྱི་རྩེ་མོ་ཡིན་ལ། རང་དོན་སེམས་ནས་གཉེར་ཞིང་གཞན་དོན་མཐའ་ནས་སྐྱོང་བའི་རྒྱལ་ཁབ་ཆེན་པོའི་བདག་པོ་རང་སྐྱ་བ་དེའང་ཁྱེད་ཅག་ཡིན། འཛམ་བུ་གླིང་ལ་མཚོན་ནའང་ན་གཞོན་རྣམས་ནི་རྒྱལ་ཁམས་རིག་པས་བསྐོར་བའི་ལས་དོན་ཀུན་གྱི་བདག་པོ་ཡིན་ལ། ཕྱོགས་ཀྱི་རིགས་ཀུན་མཛའ་མཐུན་ཞི་བདེ་ཡོང་བར་སྐུལ་བའི་མ་མའང་ཡིན་ནོ། །
          མདོར་དྲིལ་ན། ཁྱེད་ཅག་ནི་ཕ་མ་དང་དགེ་རྒན་གྱི་བཀའ་དྲིན་ནམ་ཡང་རུས་ལ་ཟུག་ཅིང་དྲིན་ལན་གྱི་མེ་ཏོག་གི་ས་བོན་སེམས་ལ་བཏབ་པའི་ཡ་རབས་ཀྱི་བུ་སློབ་ཡིན། ཁྱེད་ཅག་ནི་བཅུ་ཕྲག་རིག་གནས་ལུས་ཟུངས་སུ་བགྱིས་པའི་མི་རབས་ཤིག་གི་སྲོག་ཤིང་ཡིན། ཁྱེད་ཅག་ནི་དེང་རབས་རིག་གནས་ཡ་ལད་དུ་བགོས་ཤིང་དོན་གཉིས་རྟོགས་པའི་ཁྱུ་མཆོག་ཡིན། ཁྱེད་ཅག་ནི་དྲང་བདེན་ཚངས་ཐིག་ཕྱག་ཏུ་བསྣམས་པའི་ལས་འབྲས་གཉེར་བའི་བློ་ལྡན་ཡིན།
          མཐར་ཁྱེད་རྣམས་ཁ་རྗེ་རླུང་རྟ་དར། བཀྲ་ཤིས་དོན་ཀུན་འགྲུབ།
རྩོམ་པ་པོའི་པར་རིས།
          རྩོམ་པ་པོ་ངོ་སྤྲོད།
          ལྷ་མཁར་ཚེ་རིང(མགར་ཨ་ཁྱུང)ནི་མདོ་སྨད་ཁྲི་ཀ་རྫོང་གི་མི་ཡིན་ཞིང་། 2014ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་། སྔ་ཕྱིར་«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «ཁྲི་གཤོག་རྒྱལ་མོ» «མཚོ་སྔོན་བོད་ཡིག་ཚགས་པར» «མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་»སོགས་དུས་དེབ་དང་ཚགས་པར་སྟེང་དུ་སྙན་ངག་དང་ལྷུག་རྩོམ་དུ་མ་སྤེལ་ཞིང་། «རྩེར་སྙེག»དང«མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ»སོགས་ཀྱི་སྟེང་རིག་གཞུང་དཔྱད་རྩོམ་འགའ་སྤེལ། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་དགེ་རྒན་གྱི་ལས་ལ་ཞུགས་མུས་ཡིན།
རྩོམ་སྒྲིག་པ། རིག་གྲོལ།