མི་རིགས་དཔེ་རྙིང་ལེགས་སྒྲིག་དང་རིག་གཞུང་ཞིབ་འཇུག་ཚོགས་འདུ་ལེའོ་ཉིང་དུ་འཚོགས་པ།
སྤེལ་དུས 2023-11-08
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཚོགས་འདུའི་ཡུལ་དངོས།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས4ནས་ཚེས5ཉིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་མཐོང་ལམ་གྱི་དུས་རབས་གསར་པའི་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་དང་རིག་གཞུང་ཞིབ་འཇུག་ཚོགས་འདུ་ལེའོ་ཉིང་ཞིང་ཆེན་ཧྥུའུ་ཤིན་གྲོང་ཁྱེར་ཧྥུའུ་ཤིན་སོག་རིགས་རང་སྐྱོང་རྫོང་དུ་འཚོགས་པ་རེད།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་མི་དམངས་སློབ་ཆེན། ནང་སོག་སློབ་ཆེན་སོགས་ཚན་ཞིབ་ཚན་པ་དང་སློབ་ཆེན་མང་པོའི་ཆེད་མཁས་པ་དང་མཁས་དབང་། དེ་བཞིན་ཧྥུའུ་ཤིན་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུས། ཧྥུའུ་ཤིན་སོག་རིགས་རང་སྐྱོང་རྫོང་ཨུད། རྫོང་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཁྱོན་མི320ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཡུལ་དངོས།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་གཞུང་ཚོགས་འདུ་དུས་ཡུན་ཉིན་གཉིས་ཡིན་པ་དང་དེར་བརྗོད་དོན་གཙོ་བོའི་གཏམ་བཤད་དང་རིག་གཞུང་བགྲོ་གླེང་གི་ཚོགས་རིམ་བཀོད་སྒྲིག་བྱས་ཤིང་། དེའི་ནང་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་གླིང་གི་དཔེ་མཛོད་ཁང་གི་དེ་སྔའི་ཀོན་ཀྲང་དང་ཞིབ་འཇུག་པ་ཝུང་ལན་ཤིས་ཀྱིས《མོང་བོད་ས་ཁུལ་གྱི་གནའ་བོའི་པར་མ་ཕྱོགས་བསྡུས》དཔེ་སྐྲུན་བྱས་པའི་སྐོར་གླེང་བ་དང་། འབྲི་ཆུའི་མཁས་དབང་དང་། ཀྲུང་གོ་མི་དམངས་སློབ་ཆེན་ནུབ་རྒྱུད་ལོ་རྒྱུས་སྐད་ཡིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། དགེ་རྒན་ཆེན་མོ་བ་ཝུའུ་ཡོན་པི་ལི་ཀེ་ཡིས《ནུབ་རྒྱུད་སྐད་ཡིག་མང་བའི་ཚད་ལྡན་ཡིག་ཆ་དང་ཀྲུང་གོའི་ཞིབ་འཇུག》ཅེས་པ། བོད་ལྗོངས་སློབ་ཆེན་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་སུའོ་ཀྲང་དང་ཞིབ་འཇུག་པ་ཤེས་རབ་བཟང་པོས《མི་ལ་རས་པའི་རྣམ་ཐར་གྱི“རྒུ་འདྲ་ལྷ་རྒྱལ་གྱི་པར་གཞིར”ཐོག་མར་ཞིབ་འཇུག》ཅེས་པ། ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོའི་མན་ཇུའི་ཡི་གེ་ཁྲུའི་དེ་སྔའི་ཁྲུའུ་ཀྲང་དང་ཞིབ་འཇུག་པ་ཝུའུ་ཡོན་ཧྥེང་། ཀྲུང་གོ་ལོ་རྒྱུས་ཡིག་ཚགས་ཁང་དང་པོའི་ཞིབ་འཇུག་པ་ཀུའོ་མེ་ལན་གྱིས《ནང་སོག་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་མན་ཇུའི་ཡི་གེའི་དཔེ་རྙིང་གནད་བསྡུས》ཞེས་པ། ལན་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་མི་ཙོང་ཁ་ཡོངས་གྲོལ་མགོན་པོས《ཁ་ཆེ་གུར་ཀུམ་གྱི་འབྱུང་ཁུངས་དང་ཁྱབ་སྤེལ》ཞེས་པ་བཅས་ཁ་བྱང་དུ་བྱས་ཏེ་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།
རིག་གཞུང་བགྲོ་གླེང་གི་སྐབས་སུ་ཚོགས་ཞུགས་ཆེད་མཁས་པ་རྣམས་སོག་ཡིག་གི་ཚད་ལྡན་ཡིག་ཆ(དང་པོ་དང་གཉིས་པ)ཚོགས་ཆུང་དང་། དབྱི་ཀྲན་ནཱ་ཤིས་འབྲེལ་ཡོད་ཞིབ་འཇུག་ཚོགས་ཆུང་། མན་ཇུ་ཡི་གེའི་ཚད་ལྡན་ཡིག་ཆ་ཚོགས་ཆུང་། སོག་བོད་གསོ་བ་རིག་པའི་ཚད་ལྡན་ཡིག་ཆ་ཚོགས་ཆུང་། བོད་ཡིག་ཚད་ལྡན་ཡིག་ཆ(དང་པོ་དང་གཉིས་པ)ཚོགས་ཆུང་བཅས་ཚོགས་ཆུང་བདུན་ལ་དབྱེ་ནས། མི་རིགས་ཀྱི་དཔེ་རྙིང་ནང་ཁྱབ་པའི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཞིབ་འཇུག་དང་། སྐད་རིགས་མང་བའི་ཚད་ལྡན་ཡིག་ཆ་དང་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཞིབ་འཇུག སོག་བོད་གསོ་རིག་བསྟན་བཅོས་ལེགས་སྒྲིག་ཞིབ་འཇུག་དང་གསར་གཏོད་གྲུབ་འབྲས་སོགས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་རེ་རེ་བཞིན་གཏམ་བཤད་གནང་བ་མ་ཟད། རང་སོ་སོའི་རྣམ་གྲངས་ཀྱི་གྲུབ་འབྲས་སྙན་སེང་ཞུས་པ་དང་འབྲེལ། ཞིབ་འཇུག་དང་བགྲོ་གླེང་ཀྱང་གནང་བ་རེད།
ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་ཚོས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་ཀྱི་དཔེ་རྙིང་སྲུང་སྐྱོང་ཡག་པོ་དང་། རྒྱུན་འཛིན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བཏང་ནས་མི་རིགས་ཁག་གི་རིག་གནས་དར་རྒྱས་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཧྥུའུ་ཤིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྥུའུ་ཤིན་སོག་རིགས་རང་སྐྱོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཡན་ཧུང་གིས། སླད་ཕྱིན་དཔེ་རྙིང་སྲུང་སྐྱོང་སྒྲིག་གཞི་དང་དཔེ་རྙིང་སྲུང་སྐྱོང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། དཔེ་རྙིང་གྲངས་འཛིན་ཅན་གཏོད་པ་དང་། ཐོན་ཁུངས་མཉམ་སྤྱོད་ཐུབ་པར་བྱེད་པ། དཔེ་རྙིང་ཆེད་ལས་ཅན་དང་ཤེས་རྩལ་འཛོམས་པའི་མི་གསོ་སྐྱོང་བྱེད་པ། དཔེ་རྙིང་གཞན་སྒྱུར་དང་སྤྱོད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནུས་ཤུགས་བཏོན་ནས། དཔེ་རྙིང་ནང་འཁོད་པའི་ཡི་གེ་དག་སྤྱོད་གོ་ཆོད་པར་བྱེད་པ་དང་། ཧྥུའུ་ཤིན་སོག་རིགས་དཔེ་རྙིང་གི་སྤུས་རྟགས་བཏོད་དེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ། དཔལ་གཡང་།