བྲོ་གར་ལ་དགའ་ཞིང་སྤྲོ་བའི“རལ་བའི་བྲོ་གར་གྱི་སྲས་མོ”ཚེ་སྐྱིད།
སྤེལ་དུས 2016-08-07
ཡོང་ཁུངས། ཞིན་ཧྭའི་དྲ་བ།
རྩོམ་པ་པོ། བཀྲ་འདུལ་གྱིས་བསྒྱུར།

“རལ་བའི་བྲོ་གར་གྱི་སྲས་མོ”སྟེ་དགེ་རྒན་ཚེ་སྐྱིད་ཀྱིས་སློབ་ཁྲིད་གནང་བཞིན་པ།
སྤྱི་ལོ༢༠༡༠ལོའི་ལོ་གསར་དགོང་ཚོགས་ཀྱི་སྟེང་དུ། «དཔྱིད་གསར»ཞེས་པའི་མི་རིགས་བྲོ་གར་འཁྲབ་སྟོན་གྱི་ཁྲོད་ནས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་བྲོ་གར་བ་རེ་རེས་རང་གི་ཞབས་བྲོའི་འཁྲབ་རྩལ་བསྟན་ཞིང་། ལག་ཏུ་རྔ་བཟུང་བའི་བོད་རིགས་བུ་མོ་ཞིག་གི་འཁྲབ་རྩལ་ཡངས་པོས་ཚང་མ་དགའ་སྐྱིད་ཀྱི་ཞིང་ཁམས་ལྟ་བུར་ཁྲིད་པ་རེད། ཁམས་པའི་བུ་མོ་དེས་བྲོ་གར་གྱི་སྟངས་སྟབས་འཁྱུག་པོ་དང་དགའ་སྤྲོ་ཉམས་ཀྱིས་གཟིགས་མོ་བ་ཚོའི་ཡིད་དབང་ཅིག་ཅར་དུ་བཀུག་ལ། མོ་ནི་རལ་བའི་བྲོ་གར་བ་སྟེ་བོད་རིགས་ན་གཞོན་ཞབས་བྲོ་འཁྲབ་སྟོན་པ་ཚེ་སྐྱིད་ཡིན་པ་རེད།
རལ་བའི་བྲོ་གར་འཁྲབ་པའི་ལས་སྐལ་བྱུང་བ།
རལ་བ་ནི་བོད་ཀྱི་དམངས་ཁྲོད་བྲོ་གར་རིགས་ཤིག་ཡིན་ལ། འཁྲབ་སྟོན་བྱེད་སྐབས་དྲིལ་དང་རྔ་གཙོ་བྱས་ཤིང་། ཞབས་བྲོ་དང་རྡོག་བྲོ། གྱེར་བཤད། རྩེད་འཁྲབ་སོགས་ཀྱི་རྣམ་པར་བརྟེན་ནས་འཁྲབ་སྟོན་བྱེད་པ་རེད། འབྲེལ་ཡོད་ཡིག་ཆ་ལྟར་ན། རལ་བ་ནི་ཁྱུང་པོ་སྟེང་ཆེན་ནས་བྱུང་བ་དང་སྤྱི་ལོ་དུས་རབས་༡༡པའི་སྐབས་སུ་རྗེ་བཙུན་མི་ལ་རས་པ་ལ་བརྟེན་ནས་དར་ཞིང་། དམངས་ཁྲོད་དུ་བྱ་བཏང་རྣལ་འབྱོར་བའི་འཁྲབ་ཅིང་ད་ལྟའི་བར་ལོ་ངོ༩༠༠ལྷག་གི་ལོ་རྒྱུས་ལྡན། ལོ་རྒྱུས་ཀྱི་འཕེལ་འགྱུར་འོག་རལ་བའི་སྒྱུ་རྩལ་ལའང་འགྱུར་བ་བྱུང་བཞིན་ཡོད་ལ། བྲོ་གར་གྱི་རིགས་མི་འདྲ་བ་བྱུང་ཞིང་བསྡོམས་པས་འཁྲབ་སྟོན་བྱེད་སྟངས་རིགས་ཆེན་པོ་གསུམ་དམངས་ཁྲོད་དུ་དར་ཡོད་དེ། རང་གི་འཁྲབ་སྟོན་ལ་གླ་ཆ་བླངས་ནས་འཚོ་བ་རོལ་བའི་ཡུལ་གྱར་སྒྱུ་རྩལ་བ་དང་སྤྲོ་རྩེད་ཀྱི་ཆེད་དུ་འཁྲབ་པའི་མང་ཚོགས་ཀྱི་རལ་བ། སྒྱུ་རྩལ་འཁྲབ་སྟོན་བྱས་ཏེ་ཚོང་བྱེད་པའི་རལ་བ་བཅས་གསུམ་རེད།
དུས་རབས་སྔོན་མའི་ལོ་རབས༨༠བའི་སྟོད་དུ་ལོ་ན༡༣ལོན་པའི་ཚེ་སྐྱིད་སློབ་མཁན་ཆུང་ཆུང་ཞིག་ཡིན་པའི་ཆ་ནས། ཐོག་དང་པོར་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་རིག་རྩལ་ལས་བྱེད་ཚོགས་པའི་སྦྱོང་བརྡར་ཁང་ཆེན་དུ་སླེབས་སྐབས། འཁྲབ་སྟོན་པ་ཚོས་ལག་གི་རྔ་དབྱུག་མགོ་རུ་ཕྱར་ཞིང་ལན་རེར་སྟངས་སྟབས་ཡངས་པོས་བྲོ་གར་འཁྲབ་ལ། ལན་རེར་དགའ་སྤྲོའི་འབོད་སྒྲ་སྒྲོག་ཅིང་རྨ་བྱས་སྒྲོ་གུར་ཕུབས་པ་བཞིན་འཁྲབ་སྟོན་བྱེད་འགོ་རྩོམ་པ་རེད། ཐོག་དང་པོར་ཞབས་བྲོ་འཁྲབ་པའི་བུ་མོ་ཆུང་ཆུང་གི་གདོང་ལ་ཅུང་ཡ་མཚར་བའི་ཉམས་ཀྱིས་ཁེངས་ཤིང་། རལ་བའི་བྲོ་གར་གྱི་སྟངས་སྟབས་ཡངས་ཤིང་ཕྱོགས་གང་ནས་བལྟས་ཀྱང་མཛེས་ཉམས་མཐོང་ཐུབ་པ་རེད། དགེ་རྒན་ཚེ་སྐྱིད་ཀྱིས་སེམས་འགུལ་དང་བཅས་དེ་ལྟར་ཕྱིར་དྲན་བྱས་པ་རེད། དུས་དེ་ནས་བཟུང་། ཚེ་སྐྱིད་ཀྱིས་ལོ་ངོ༣༠ལྷག་གི་རིང་ལ་རལ་བའི་བྲོ་གར་འཁྲབ་ཅིང་རལ་བའི་བྲོ་གར་ལ་ཚེ་སྲོག་གི་གཏིང་སར་ཟུག་པའི་དུངས་ཞེན་ཞིག་ཆགས་པ་རེད།