ཨེར་ནི་སི་ཐྲི སི་ཐེན་ཀེ་ལེ་ནེར།Ernst Steinkellner
སྤེལ་དུས 2014-09-18
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བཀྲ་ཤིས།
ཨེར་ནི་སི་ཐྲི སི་ཐེན་ཀེ་ལེ་ནེར་ལགས་ནི། ཝེ་ཡེ་ནཱ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་དང་ཨོ་སི་ཁྲི་ཡའི་ཚན་རིག་གླིང་གི་གླིང་དཔོན་ཡིན་ལ། སྐད་གྲགས་ཆེ་བའི་བོད་རིག་པའི་མཁས་དབང་ཡང་ཡིན།
དགེ་རྒན་ཆེན་མོ་བ་ཨེར་ནི་སི་ཐྲི སི་ཐེན་ཀེ་ལེ་ནེར་ལགས་ཀྱིས་སློབ་ཆེན་སྐབས་ལ་བསླབས་པ་ནི་ལེགས་སྦྱར་སྐད་དང་རྒྱ་གར་གྱི་མཚན་ཉིད་རིག་པའི་ཤེས་བྱ་ཡིན། ཁོང་གིས་དུས་རབས་གོང་མའི་ལོ་རབས༦༠པར་ཝེ་ཡེ་ནཱ་སློབ་ཆེན་གྱི་རྒྱ་གར་སྡེ་ཁག་ཏུ་འབུམ་རམས་པའི་ཐོབ་བླངས་ཤིང་། འབུམ་རམས་པའི་དཔྱད་རྩོམ་ཡང་རྒྱ་གར་རིག་པའི་སྐོར་འབའ་ཞིག་རེད། ཁོང་གི་སློབ་དཔོན་ནི་སྐད་གྲགས་ཆེ་བའི་རྒྱ་གར་རིག་པ་བ་དང་ནང་ཆོས་ཞིབ་འཇུག་པ་ཧྥོ་ལོ་བོ་ནཱར་ལགས་ཡིན་ལ། འབུམ་རམས་སློབ་གཉེར་མཐར་ཕྱིན་རྗེས་ཁོ་རང་ཝེ་ཡེ་ནཱ་སློབ་ཆེན་ཏུ་སློབ་ཁྲིད་ཀྱི་ཕྱག་ལས་གནང་། ལོ་རབས་དྲུག་ཅུ་བའི་སྨད་དུ། ཁོང་གིས་ཞིབ་འཇུག་གི་ཁྱབ་ཁོངས་དེ་ནང་བསྟན་རིག་པ་དང་བོད་རིག་པར་རྒྱ་བསྐྱེད་ཅིང་། བོད་འགྱུར《གཏན་ཚིགས་ཐིགས་པ》ལ་གཞིགས་ནས་ལེགས་སྦྱར་སྐད་ཀྱི་མ་ཡིག་བསྐྱར་དུ་བསྒྲིགས་པས། གཏན་ཚིགས་རིགས་པའི་སྡེར་གྲག་འགུལ་མི་ཆུང་བ་ཞིག་བྱུང་། དེའི་སྐབས་དེར་ཁོང་གིས་ཨ་མེ་རི་ཀར་སློབ་ཁྲིད་བྱེད་ཀྱིན་ཡོད། སྤྱི་ལོ༡༩༧༣ལོར། ཝེ་ཡེ་ནཱ་སློབ་ཆེན་ཏུ་ཕྱིར་ལོག་རྗེས། སློབ་གླིང་དེ་གའི་རྒྱ་གར་སྡེ་ཁག་གི་ནང་བསྟན་དང་བོད་རིག་པའི་ཞིབ་འཇུག་གི་སྡེ་ཚན་དེའི་རྨང་གཞིའི་སྟེང་ལ་ཝེ་ཡེ་ནཱ་སློབ་ཆེན་གྱི"ནང་བསྟན་དང་བོད་རིག་པའི་སྡེ་ཁག"བཙུགས། དེ་དང་ཞོར་ལ་ཁོང་གིས་ཉི་ཧོང་གི་ཁྱོ་ཐོ་གཙུག་ལག་སློབ་ཆེན་དང་དབྱིན་ཇིའི་ཨོག་སི་ཧྥོར་ཊྀ་གཙུག་ལག་སློབ་ཆེན་གྱི་མགྲོན་ཞུས་སློབ་དཔོན་གྱི་འགན་ཡང་བཞེས་ཡོད།
ཨེར་ནི་སི་ཐྲི སི་ཐེན་ཀེ་ལེ་ནེར་ཁོང་ནི་དམིགས་བསལ་ནང་ཆོས་ཀྱི་གཏན་ཚིགས་རིག་པར་ཞིབ་ཏུ་འཇུག་མཁན་ཞིག་སྟེ། ཆེད་ལས་འདིའི་ཁྱབ་ཁོངས་ནང་ཁོང་རྒྱལ་སྤྱིའི་སྟེང་ཡང་མཚན་སྙན་འབར་བའི་ཞིབ་འཇུག་པ་ཞིག་ཏུ་གྱུར་ཡོད། ཁོང་གིས་གཏན་ཚིགས་རིག་པ་ལས་བསམ་གཞིགས་ཀྱི་ཆོས་ཉིད་སྐོར་གྱི་རྣམ་བཤད་ལ་གཞོལ་ཡོད་ལ། དུས་རབས་གོང་མའི་ལོ་རབས༦༠བར་ཐོན་དུས་ཆོས་འཕགས་ཀྱིས་མཛད་པའི《གཏན་ཚིགས་ཐིགས་པ》ཡི་ཞིབ་འཇུག་ལས་ཀ་གྲུབ། དུས་སྐབས་དེར་ནང་བའི་རིག་གཞུང་སྨྲ་བའི་སྡེར། 《གཏན་ཚིགས་ཐིགས་པ》ཡི་ལེགས་སྦྱར་སྐད་ཀྱི་མ་ཡིག་བོར་བརླགས་སུ་སོང་ཡོད་པར་སྙམ་ཡོད(ལོ་ཤས་སྔོན་ལ་ད་གཟོད་བོད་ཡུལ་དུ་ལེགས་སྦྱར་སྐད་ཀྱི་དེབ་འདིའི་མ་ཕྱི་རྙེད)པས་ཞིབ་འཇུག་པ་དག་གིས་འགྱུར་ཡིག་གི་མཆན་ལས་མ་ཕྱིའི་ནང་དོན་བློས་བསླངས་བྱེད་དགོས་ཀྱི་ཡོད། རྒྱུ་མཚན་འདིའི་དབང་གིས་དགེ་རྒན་ཆེན་མོ་ཨེར་ནི་སི་ཐྲི སི་ཐེན་ཀེ་ལེ་ནེར་ལགས་ནས་བོད་འགྱུར་མ་གཞིར་བྱས་ཤིང་། མཆན་དང་ལེགས་སྦྱར་སྐད་ཀྱི་དེབ་གཞན་དག་གི་ཁྲོད་ཀྱི་ལུང་། དེ་མིན་དེ་དང་འབྲེལ་བའི་ཚིག་སོགས་བཏུས་ཏེ་རྣམ་བཤད་འདིའི་གཞི་གཙོ་བོ་བསྒྲིགས་ཤིང་། ཆད་ལྷག་བྱུང་བ་དག་བོད་འགྱུར་མ་ལས་སླར་ལེགས་སྦྱར་སྐད་དུ་བསྒྱུར་ཏེ《གཏན་ཚིགས་ཐིགས་པ》ཡི་ལེགས་སྦྱར་དེབ་གྲུབ། དེ་ནས་ཡང་ལེགས་སྦྱར་དེབ་དེ་འཇར་མན་སྐད་དུ་བསྒྱུར་བས་ན་རིག་གཞུང་སྨྲ་བའི་སྡེར་གྲགས་འགུལ་ཤིན་ཏུ་ཆེན་པོ་བྱུང་། དེའི་རྗེས་སུ་ཁོང་གིས་གཏན་ཚིགས་རིག་པའི་བསྟན་བཅོས་གལ་ཆེན《ཚད་མ་རྣམ་འགྲེལ》དང《ཚད་མ་རྣམ་ངེས》སོགས་ཀྱི་ཡིག་བསྒྱུར་དང་ཞིབ་འཇུག་ལ་གཞོལ། དེ་ལྟར་དུས་ཡུན་རིང་བོར་སཾ་བོད་བསྟན་བཅོས་ཀྱི་ཞུ་དག་དང་ཡིག་བསྒྱུར་བྱ་བར་འབད་པས་ན། ཉམས་མྱོང་གིས་ཕྱུག་ཅིང་ཉམས་མྱོང་དེ་མ་ལག་དང་ལྡན་པའི་ཞིབ་འཇུག་གི་བྱེད་ཐབས་ཤིག་ཏུ་གྱུར་ཡོད་པས། ལེགས་སྦྱར་རིག་པ་སྨྲ་བ་དག་གིས་མ་ལག་འདིར་གདེངས་འཇོག་དང་དང་ལེན་བྱེད་ཀྱི་ཡོད་ལ། རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་མི་དམན་པ་བྱུང་།
སྤྱི་ལོ༡༩༩༥ལོའི་ཟླ༦པའི་ཚེས༡༨ནས་ཚེས༢༤བར་དུ་ཨོ་སི་ཁྲུ་ཡའི་གུ་ལ་ཙི་གྲོང་ཁྱེར་དུ་བསྡུས་པའི་སྐབས7པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ནི་ཁོང་གིས་རྩ་འཛུགས་དང་དབུ་ཁྲིད་གནང་བ་ཡིན། ཚོགས་ཐེངས་དེ་ཚོགས་འདུ་སྔོན་མ་དག་དང་བསྡུར་ན་གཞི་རྒྱ་ཆེ་བར་གྱུར་ཡོད་དེ། ཐེངས་དེར་རྒྱལ་ཁབ་དང་ས་ཁུལ༣༠ལྷག་ནས་མི༣༠༠ལ་ཉེ་བ་ཚོགས་ཞུགས་གནང་། སྐབས་དེར་ཀྲུང་གོ་ནས་ཕེབས་པའི་ཆེད་མཁས་པ་༢༡ཡོད་ལ་ཚོགས་ཐེངས་སྔ་མ་ལས་མང་པས་ན། རེབ་དེའི་བོད་རིག་པ་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཨི་ཏ་ལིའི་མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་ཕཱང་པེ་རྡེ་ཁུ་ལགས་ཀྱིས་ཚོགས་འདུའི་སྟེང་བོད་རིག་པའི་ཞིབ་འཇུག་གི་འབྲས་བུ་ལ་གདེངས་འཇོག་བྱས་པ་དང་ལྷན་དུ་ཀྲུང་གོའི་ཞིབ་འཇུག་པ་དང་སྒོས་སུ་བོད་མི་ཞིབ་འཇུག་པ་མང་པོ་ཕེབས་པ་དེས་རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་ཚོགས་འདུ་དེ་ནུབ་ཕྱོགས་པས་སྒེར་སྡེམ་བྱས་ཡོད་པའི་གནས་བབ་ལ་འགྱུར་བ་བཏང་སོང་བར་གསུངས་ལ། ཚོགས་འདུའི་གཙོ་སྒྲུབ་པ་ཨེར་ནི་སི་ཐྲི སི་ཐེན་ཀེ་ལེ་ནེར་གྱིས"ཀྲུང་གོའི་བོད་རིག་པའི་ཆེད་མཁས་པ་དག་ཞུགས་མེད་ན། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཞེས་འབོད་ཐབས་བྲལ"གསུངས། 【1】
ཨེར་ནི་སི་ཐྲི སི་ཐེན་ཀེ་ལེ་ནེར་ལགས་ཀྱི་འབད་འབུངས་བརྒྱུད། སྤྱི་ལོ༢༠༠༤ལོར། ཨོ་སི་ཁྲུ་ཡ་ཚན་རིག་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས《ཨོ་སི་ཁྲུ་ཡ་ཚན་རིག་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་ལེགས་སྦྱར་ཡིག་ཆ་ལ་མཉམ་འབྲེལ་གྱིས་ཞིབ་འཇུག་དང་ཞིབ་འཇུག་གི་འབྲས་བུ་མཉམ་པོར་དཔར་བསྐྲུན་བྱེད་པའི་སྤྱིའི་གན་རྒྱ》ཞེས་པར་མིང་རྟགས་བཀོད་ནས། ཕྱོགས་གཉིས་བར་ལ་རྒྱུན་རིང་པོའི་མཉམ་ལས་ཀྱི་འབྲེལ་བ་ཚུགས་ཏེ་ཞིབ་འཇུག་པ་ཕན་ཚུན་ལ་མངགས་རེས་དང་རྒྱུ་ཆ་མཉམ་སྤྱོད་བྱས་ཏེ་བོད་རིག་པའི་ཞིབ་འཇུག་ལས་དོན་ཀྱི་འཕེལ་རྒྱས་ལ་བྱས་རྗེས་མི་དམན་པ་བཞག་གོ།
མཆན།
【1】
བོད་ལྗོངས་དང་ཕྱི་རྒྱལ་གྱི་རིག་གནས་འབྲེལ་འདྲིས། www.gemsoo.com