ཇཱ་ནཱེ་ཐི་རྒྱ་མཚོ། Janet Gyatso
སྤེལ་དུས 2014-10-23
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བཀྲ་ཤིས།
ཇཱ་ནཱེ་ཐི་རྒྱ་མཚོ(Janet Gyatso)ལགས་ནི། ཧར་ཝར་ཊ་གཙུག་ལག་སློབ་ཆེན(Harvard university )གྱི་ཆོས་རིག་སློབ་གླིང་གི་ནང་རིག་པའི་དགེ་རྒན་ཆེན་མོ(Hershey professor of Buddhist Studies)དང་། རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་པ་གྲགས་ཅན་ཡིན་ལ། རུ་བྷིན་སྒྱུ་རྩལ་རྟེན་མཛོད་ཁང(Rubin Museum of Art)གི་བློ་གནས་ཡིན་པར་མ་ཟད། རྒྱལ་སྤྱིའི་བོད་རིག་པ་ཚོགས་པའི་འགན་འཛིན་དུའང་བཞུགས་མྱོང་། ༢༠༠༡ལོར། སློབ་ཆེན་དེའི་ཆོས་རིག་སློབ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི་བསླབ་ཚན་བཙུགས་རྗེས། དེ་གར་ཕྱག་ལས་གནང་འགོ་བརྩམས། ཁོང་མོས་སློབ་གླིང་དེར་གཙོ་བོ་བོད་བརྒྱུད་ནང་བསྟན་དང་ནང་བསྟན་རྩོམ་རིག ནང་བསྟན་མཚན་ཉིད་རིག་པ། ནང་བསྟན་ཁྲོད་ཀྱི་སྐྱེས་མའི་གནས་བབ། ད་དུང་ཨེ་ཤ་ཡ་གླིང་དང་མེ་གླིང་དུ་དར་བའི་ནང་བསྟན་གྱི་གཞུང་ལུགས་དང་ཉམས་ལེན་གྱི་སྐོར་སློབ་ཁྲིད་གནང་བཞིན་ཡོད།
མོས་ཀཱ་ལི་ཧྥོར་ནིའ་སྦེར་ཁི་ལི་སློབ་ཆེན་དུ་ཤེས་རམས་པ་དང་རམས་འབྱམས་པ། དེ་བཞིན་འབུམ་རམས་པའི་བསླབ་གནས་བླངས་ཤིང་། སློབ་གཉེར་བྱེད་རིང་དུ། སྟག་མཚེར་ཞབས་དྲུང་རིན་པོ་ཆེ་དང་སྡེ་གཞུང་རིན་པོ་ཆེ། ཀ་ལུ་རིན་པོ་ཆེ་སོགས་ཀྱི་མདུན་ནས་ཐོས་པ་རྒྱ་ཆེར་འཚོལ་མྱོང་བས། རྒྱ་གར་དང་བོད་ཀྱི་རིག་པ་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་པོར་གྱུར། ཁོང་མོས་འབུམ་རམས་པའི་དཔྱད་རྩོམ་ནི་ཐང་སྟོང་རྒྱལ་པོའི་མཛད་རྗེས(A Literary Transmission of the Traditions of Thang stong rgyal po: A Study of Visionary Buddhism in Tibet)སྐོར་ལ་ཞིབ་འཇུག་བྱས་པ་ཞིག་ཡིན།
མོ་ནི་དེང་རབས་དང་དེང་རབས་རིང་ལུགས་ཕྱི་མའི་ཞིབ་འཇུག་བྱེད་ཐབས་དང་། ནང་སྒོས་སུ་མིའི་རིགས་རིག་པའི་འཇུག་ཐབས་ཀྱིས་བོད་ཀྱི་ཆོས་རིག་དང་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ལ། ཞིབ་འཇུག་གི་ཁྱབ་ཁོངས་ནི། རྟེན་དང་རྟེན་ཁྱད་ཀྱི་འདུ་ཤེས། བོད་ལུགས་གསོ་རིག་གི་སྲོལ་རྒྱུན། ནང་བསྟན་རྩོམ་རིག་ལས་རྣམ་ཐར། མདོ་རྒྱུད་ཁྲོད་ཀྱི་སྐྱེས་མའི་གོ་ཐོབ་སོགས་ཡིན། བརྩམས་ཆོས་གཙོ་བོ་ནི་རང་རྣམ་དང་གསང་རྣམ་གྱིས་གཙོས་པའི་རྣམ་ཐར་རིགས་དང་གསོ་རིག་རྒྱུད་བཞི་ལ་ཞིབ་འཇུག་བྱས་པ་མང་ཞིང་། དེ་ལས་འཇིགས་མེད་གླིང་པའི་གསང་རྣམ་སྐོར་ལ་བྲིས་པ་གྲགས་པ་ཆེ། དེ་མིན་ཁོང་མོས་ཧཱན་ནཱ་ཧ་ཝེ་ཝིཀ(Hanna Havnevik)དང་ལྷན་དུ《བོད་ཀྱི་སྐྱེས་མ》(Women of Tibet)ཞེས་པའི་རྩོམ་བཏུས་བསྒྲིགས་ཤིང་། དེ་ཉིད་སྤྱི་ལོ2002ལ། ཧུར་ས་ཊྀ་དཔེ་སྐྲུན་ཁང(Hurst)གིས་པར་དུ་བསྐྲུན། ད་དུང 《དྲན་པའི་མེ་ལོང་དུ་ཤར་བ —རྒྱ་གར་དང་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་དྲན་པ་ཉེར་བཞག་དང་དྲན་ཤེས་སྐོར་གྱི་དཔྱད་ཞིབ》(In the Mirror of Memory: Reflections on Mindfulness and Remembrance in Indian and Tibetan Buddhism)ཞེས་པ་རྩོམ་སྒྲིག་བྱས་ཤིང་སུ་ནེ་དཔེ་སྐྲུན་ཁང(Suny Press)གིས་པར་དུ་བསྐྲུན་ཡོད།
སྤྱི་ལོ༢༠༡༡ལོའི་ཟླ༡༠པར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་གདན་ཞུ་བྱས་པ་ལྟར། ཁོང་གིས་སློབ་གླིང་དེར་བོད་རིག་པའི་སྐོར་གྱི་མུ་འབྲེལ་འཆད་ཁྲིད་གནང་བ་སྟེ། “བོད་ཀྱི་གསོ་བ་རིག་པའི་ཁྲོད་ཀྱི་མི་ཆོས་ཀྱི་ལྟ་བ་དང་འབྲེལ་ནས་ཆོས་རིག་དང་ཚན་རིག་བར་གྱི་འགལ་འབྲེལ་གླེང་བ”ཞེས་པ་དང་། “བོད་ཀྱི་རྣམ་ཐར་རྩོམ་རིག་ལས་རང་རྣམ་དང་འབྲེལ་ནས་བོད་རིག་པ་དང་མི་ཆོས་རིག་གནས་སྐོར་གླེང་བ”ཞེས་པ་དང་། “《རྒྱུད་བཞི》ལས་བུད་མེད་དང་རོ་ཙའི་སྐོར། — བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་སྔ་མའི་ཁྲོད་ཀྱི་ཕ་དབང་ལམ་ལུགས་དང་། ཕོ་མཆོག་མོ་དམན་གྱི་ལྟ་གྲུབ། བུད་མེད་ལ་སྡང་བའི་བསམ་བློའི་སྐོར་གླེང་བ”ཞེས་པ་དང་། “ཆོས་ལུགས་དང་ཚན་རིག་ལས་འཕྲོས་པའི་བོད་ལུགས་གསོ་རིག་ཁྲོད་ཀྱི་རྩ་ལམ་དང་འབྲེལ་པའི་རྩོད་གཞི་སྐོར་གླེང་བ”བཅས་ཁག་བཞི་རུ་ཕྱེ་ནས་འཆད་ཁྲིད་རྒྱ་ཆེན་པོ་གནང་ངོ་༎
ཁ་བྱང་ཕྱི་མོ། ཇཱ་ནཱེ་ཐི་རྒྱ་མཚོ(Janet Gyatso)
(རྩོམ་འགན་པ། ལྷ་དབང)