སྤྱི་ཚེས ༧ ཉིན་བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ནས་ཤེས་གསལ་ལྟར་ན། བོད་རིག་པའི་མཁས་དབང་གྲགས་ཅན་ནམ་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་དེ་སྔའི་འགོ་གཙོ་ཚེ་དབང་འགྱུར་མེད་ལགས་སྤྱི་ལོ ༢༠༡༤ ལོའི་ཟླ ༡༢ པའི་ཚེས ༥ ཉིན་པེ་ཅིང་དུ་སྙུང་གཞི་བཅོས་ཐབས་མ་བྱུང་བར་སྐུ་གཤེགས་པ་དང་། དགུང་ལོ ༧༠ རེད།
ཚེ་དབང་འགྱུར་མེད་མཆོག་ནི ༡༩༤༥ ལོའི་ཟླ ༩ བར་བོད་ལྗོངས་ལྷ་སར་འཁྲུངས་ཤིང་། སྐུ་བཞུགས་རིང་བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་དང་། བོད་ལྗོངས་མི་རིགས་སློབ་གླིང་གི་གླིང་གཙོ། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་འགོ་གཙོ། ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལ་སོགས་པའི་འགན་བཞེས། སྔོན་གེ་སར་སྒྲུང་པ་གྲགས་ཅན་རྒན་བསམ་གྲུབ་ལགས་ཀྱི《གེ་སར་སྒྲུང》མྱུར་སྐྱོབ་དང་དག་ཐེར་གྱི་ལས་ཀར་གཙོ་སྐྱོང་མཛད་དེ་རྒན་བསམ་གྲུབ་ལགས་ཀྱིས་འཆད་གནང་མཛད་པའི་སྒྲུང ༦༠ ལས་སྙིགས་དོར་བཅུད་ལེན་གྱི་ཚུལ་དུ་སྒྲུང་དཔེ་འགའ་པར་དུ་བསྐྲུན་ནས《གེ་སར་སྒྲུང་》མྱུར་སྐྱོབ་ཀྱི་སྟོང་ཆར་ཁ་གསབ་བྱས་པས། ཕྱིས་ཀྱི་ལོ་ཙཱ་དང་པར་སྐྲུན། ཞིབ་འཇུག་བཅས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།
༢༠༠༦ ལོར་ལས་འཁྱུར་ངལ་གསོ་གནང་རྗེས་བོད་རང་སྐྱོང་ལྗོངས་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྲུང་སྐྱོབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལ་གདན་ཞུས་ཤིང་། ཚན་ཞིབ་པའི་སྣེ་ཁྲིད་དེ་ཤིང་ཏ་ལའི་ལོ་མའི་ཆོས་དཔེ་སྔོག་འདོན་དག་ཐེར་དང་སྲུང་སྐྱོབ་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བ་དང་། དེའི་རིང《བོད་རང་སྐྱོང་ལྗོངས་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་དཀར་ཆག》(དེབ་བཞི)དང《བོད་རང་སྐྱོང་ལྗོངས་ཀྱིས་ཉར་ཚགས་བྱས་པའི་ཤིང་ཏ་ལའི་ལོ་མའི་ཆོས་དཔེའི་པར་རིས་ཀུན་འདུས》(དེབ ༦༡)བཅས་བསྒྲིགས།
ཁོང་གིས་སྔ་གཞུག་ཏུ་འབྲེལ་ཡོད་དུས་དེབ་དང་སྨྱན་སྦྱོར་དུ་དཔྱད་རྩོམ་དུ་མ་སྤེལ་མྱོང་བ་དང་། སློབ་གསོ་དང་སྤྱི་ཚོགས་ཚན་རིག བོད་རིག་པའི་བྱ་གཞག་བཅས་དང་འབྲེལ་བའི་གསུང་རྩོམ་མང་དུ་བརྩམས་ནས་སློབ་གསོ་དང་བོད་རིག་པའི་ལས་རིགས་སུ་མཛད་འཕྲིན་མི་དམན་པ་བཞག་ཡོད།
ཁ་བྱང་ཕྱི་མོ། བོད་རིག་པའི་མཁས་དབང་ཚེ་དབང་འགྱུར་མེད་ཚེས ༥ ཉིན་པེ་ཅིང་ནས་སྐུ་གཤེགས།
(རྩོམ་འགན་པ། སྒྲོལ་ཚེ)