ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

“ཁ་བ་མང་པོ་འབབ་ན་ལོ་ལེགས་ཡོང་བའི་སྔ་ལྟས་ཡིན་”ཞེས་ཟེར་དོན།

སྤེལ་དུས 2023-09-20 ཡོང་ཁུངས། བོད་ལྗོངས་ཚན་གདལ། རྩོམ་པ་པོ།
          “ཁ་བ་མང་པོ་འབབ་ན་ལོ་ལེགས་ཡོང་བའི་སྔ་ལྟས་ཡིན་”ཞེས་པ་དེ་ནི་དར་ཁྱབ་ཧ་ཅང་ཆེ་བའི་ཞིང་ལས་ཀྱི་གཏམ་དཔེ་ཞིག་རེད། དེའི་དོན་ནི་དགུན་དུས་སུ་ཁ་བ་མཐུག་པོ་ཐེངས་ཁ་ཤས་འབབ་ན་དེ་ནི་ཕྱི་ལོར་ལོ་ལེགས་ཡོང་བའི་སྔ་ལྟས་ཤིག་ཡིན་ཟེར། 
          རྒྱུ་མཚན་གང་ཡིན་ནམ། གཤམ་གསལ་དུ་རྒྱུ་རྐྱེན་འགའ་བཀོད་ཡོད།
          དང་པོ། ས་རྒྱུར་དྲོད་སྲུང་ཐུབ་པ་དང་ཆུ་གསོག་འཇོག་གི་ནུས་པ་ཐོན་ཐུབ། “ཁ་བ་མང་པོ་འབབ་ན་ལོ་ལེགས་ཡོང་བའི་སྔ་ལྟས་ཡིན་”ཞེས་པ་ནི་གངས་རིམ་གྱིས་དགུན་འདེབས་ལོ་ཏོག་ལ་འཁྱག་འགོག་དྲོད་སྲུང་གི་ནུས་པ་ཐོན་པ་དེས་ཡིན།  དགུན་དུས་གནམ་གཤིས་གྲང་བས་མར་འབབ་པའི་ཁ་བ་བཞུ་དཀའ་ལ་ས་སྟེང་དུ་བབས་པའི་ཁ་བ་ནི་འཇམ་ཞིང་མཉེན་པས་དེའི་ནང་དུ་འཁོར་སྐྱོད་མི་བྱེད་པའི་མཁའ་རླུང་མང་པོ་ཡོད་པ་དང་མཁའ་རླུང་གིས་ཚ་དྲོད་བརྒྱུད་སྤྲོད་བྱེད་མི་ཐུབ་པར་བརྟེན་ས་རྒྱུའི་ནང་གི་ཚ་དྲོད་ཕྱིར་གཏོང་བར་སྔོན་འགོག་བྱེད་ཐུབ་ལ་ཕྱི་རོལ་གྱི་མཁའ་རླུང་གྲང་མོ་ནང་དུ་འཛུལ་བར་ཡང་བཀག་འགོག་བྱེད་ཐུབ།  འདི་ལྟར་བྱས་ན་ལོ་ཏོག་ལ་སྲིང་བལ་གྱི་ཉལ་ཆས་ཤིག་གཡོགས་པ་དང་འདྲ་བར་ཕྱི་ཡི་གནམ་གཤིས་ཇི་ལྟར་གྲང་རུང་ས་འོག་གི་དྲོད་ཚད་དམའ་པོར་འགྱུར་མི་སྲིད། གྲང་འཁྱགས་ཀྱི་དུས་ཡོལ་རྗེས་གནམ་གཤིས་རིམ་བཞིན་ཇེ་དྲོད་དུ་སོང་ནས་ཁ་བ་དལ་གྱིས་བཞུ་ཡི་ཡོད།  དེ་ལྟར་ལོ་ཏོག་འཁྱགས་སྐྱོན་ཐེབས་པར་སྲུང་སྐྱོབ་ཐུབ་པ་མ་ཟད་ཁ་བ་བཞུ་བའི་ཆུ་ས་རྒྱུའི་ནང་དུ་འཐིམ་ནས་ལོ་ཏོག་ལ་ཆུ་མང་པོ་བསགས་པར་བརྟེན་དཔྱིད་རྨོས་འདེབས་འཛུགས་དང་ལོ་ཏོག་སྐྱེ་འཚར་ལ་ཕན་ཐོགས་ཆེན་པོ་ཡོད།
          གཉིས་པ། ས་རྒྱུར་རྫས་ལུད་སྣོན་ཐུབ་པ། ཁ་བའི་ཁྲོད་ཏན་འགྱུར་རྫས་རིགས་མང་པོ་ཡོད། ལྟ་ཞིབ་བྱས་པར་གཞིགས་ན། གལ་ཏེ་ཧྲེང་1གི་ཆར་ཆུའི་ཁྲོད་ཧའོ་ཁེ་1.5ཡི་ཏན་འགྱུར་རྫས་རིགས་ཡོད་ན་ཧྲེང་1གི་ཁ་བའི་ནང་ཡོད་པའི་ཏན་འགྱུར་རྫས་རིགས་ནི་ཧའོ་ཁེ་7.5ལ་སླེབས་སྲིད། ཁ་བ་བཞུ་བའི་རྒྱུད་རིམ་ཁྲོད་ཏན་འགྱུར་རྫས་རིགས་དེ་དག་ཁ་བ་བཞུས་པའི་ཆུ་ཡིས་ས་རྒྱུའི་ནང་འཁྱེར་ནས་ཆེས་ལེགས་ཤོས་ཀྱི་རྫས་ལུད་ཆག་གི་ཡོད། འདི་ནི་ཁ་བ་མཐུག་པོས་ས་རྒྱུ་གཤིན་པོར་གཏོང་བའི་ནུས་པ་རེད།
          གསུམ་པ། གནོད་འབུ་འཁྱགས་ཤི་ཐེབས་ཐུབ། ཁ་བ་ས་རྒྱུའི་སྟེང་འབབ་པས་དྲོད་སྲུང་གི་ནུས་པ་ཐོན་པ་དང་འདིས་ས་འོག་གི་དགུན་སྐྱེལ་འབུར་གནས་སྐབས་ཀྱི་ཕན་པ་བསྐྲུན་ཐུབ། ཡིན་ནའང་ཁ་བ་བཞུ་བའི་སྐབས་སུ་ས་རྒྱུའི་ཁྲོད་ནས་དྲོད་ཚད་མང་པོ་ཞིག་བསྡུ་ལེན་བྱེད་དགོས་ཤིང་སྐབས་དེ་དུས་ས་རྒྱུའི་ནང་གློ་བུར་དུ་གྲང་ངར་ཤིན་ཏུ་ཆེ་བ་དང་དྲོད་ཚད་དམའ་རུ་ཕྱིན་ནས་གནོད་འབུ་འཁྱགས་ཤི་ཐེབས་ཀྱི་ཡོད།
          ཉམས་མྱོང་ཡོད་པའི་ཞིང་པས་ཁ་བ་ནི་“གྲོ་ཡི་སྲིང་བལ་ཉལ་ཆས་”སུ་བརྩི་བཞིན་ཡོད། དགུན་དུས་“སྲིང་བལ་གྱི་ཉལ་ཆས”གང་ཙམ་མཐུག་ན་དཔྱིད་ཀར་གྲོ་དེ་ཙམ་གྱིས་ཡག་པ་སྐྱེ་ཡི་ཡོད། དེར་བརྟེན་ཡང་གཏམ་དཔེ་དེ་འདྲ་ཞིག་ཡོད་པ་སྟེ། “དགུན་དུས་གྲོ་ལ་ཉལ་ཆས་རིམ་པ་གསུམ་གཡོགས་ན་ལོ་རྗེས་མར་མོག་མོག་སྔས་མགོར་བརྒྱབ་ནས་ཉལ་ཆོག་ཅེས་ཟེར།” 

རྩོམ་སྒྲིག་པ། ལྷ་འབྲུག