ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

འོད་ཀྱི་སྦགས་བཙོག་ལས་ཤུགས་རྐྱེན་གང་ཐེབས་སམ།

སྤེལ་དུས 2023-10-12 ཡོང་ཁུངས། བོད་ལྗོངས་ཚན་གདལ། རྩོམ་པ་པོ།
          ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། འོད་ཀྱི་སྦགས་བཙོག་ལས་ལྡོག་ནུས་མང་པོ་ཐོན་པའི་ནང་སྐྱེ་དངོས་དང་། སྲོག་ཆགས། མིའི་རིགས་བཅས་ཀྱི་ཉིན་མཚན་ལོག་གི་ཡོད། འཇར་མན་གྱི་ལའེ་པུ་ཉི་ཚེའི་བ་ཚྭ་མེད་པའི་ཆུའི་སྣོད་བཅུད་དང་སྐམ་ས་དབུས་མའི་ཉ་ལས་ཞིབ་འཇུག་སུའོ་ཡི་ཚན་རིག་མཁས་པ་ཧྥུའུ་ལན་ཚེ·ཧོར་ཁེས། སྐྱེ་དངོས་འཇིག་རྟེན་ནི་འོད་ཐིག་འགྱུར་ལྡོག་འགྲོ་བའི་རང་བྱུང་འཁོར་རྒྱུག་ལ་བརྟེན་ནས་འཁོར་སྐྱོད་བརྟན་པོ་ཡོང་བ་བྱེད་ཀྱི་ཡོད་ཅེས་བརྗོད།
          ཧོར་ཁེས་བརྗོད་དོན། མི་བཟོས་འོད་ལས་མཚན་ཡུན་ཐུང་དུ་འགྲོ་བ་དང་། འོད་ཚད་འགྱུར་ལྡོག་ལ་འཕྲོས་ཁོམ་མ་བྱུང་བའི་སྐྱེ་དངོས་མང་པོར་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་དེ། འོད་ཀྱི་སྦགས་བཙོག་ལས་འབུ་སྲིན་དང་། སྐམ་ས་དང་ཆུ་ནང་གཉིས་ཀར་འཚོ་བའི་སྲོག་ཆགས། ཉ། བྱིའུ། ཕ་ཝང་སོགས་སྲོག་ཆགས་མང་པོའི་མཚན་དགུང་གི་གོམས་གཤིས་གྱུར་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་ཉེན་ཁ་བཟོ་ཡི་ཡོད། མི་བཟོས་འོད་ཀྱི་སྦགས་བཙོག་ལས་སྐྱེ་དངོས་ཀྱི་ཚེ་སྲོག་དང་གཉིད་ཀྱི་དུས་ཚོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
          ཧོར་ཁེ་ཡིས། ཉེ་དུས་ཀྱི་ཞིབ་འཇུག་བྱས་འབྲས་ཤིག་ལས་ཤེས་རྟོགས་བྱུང་བར། ལམ་སྒྲོན་འོད་ལས་མཚན་དགུང་དུ་མེ་ཏོག་གི་ཟེའུ་འབྲུ་འཐུ་མཁན་འབུ་སྲིན་ལ་ཤུགས་རྐྱེན་ཐེབས་ཏེ། སྐྱེ་དངོས་འཚར་ལོངས་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད། འོད་ཀྱི་སྦགས་བཙོག་ལས་ད་དུང་སྐྱེ་དངོས་ཀྱི་ལོ་མ་ཟགས་པའི་དུས་ཚོད་ནར་འགྱངས་དང་འཚར་ལོངས་ཀྱི་དུས་ཡུན་རིང་དུ་གཏོང་སྲིད་པ་དེ་དག་ཚང་མ་སྐྱེ་དངོས་ཀྱི་རྒྱུན་གཏན་འཚར་ལོངས་དུས་ཚོད་འཁྲུག་པའི་སྣང་ཚུལ་རེད་ལ། མཐར་གཏུག་སྐྱེ་དངོས་ཁྱུ་ཚོགས་ཀྱི་གྲུབ་ཆར་ཤུགས་རྐྱེན་ཐེབས་པ་དང་འགྱུར་ལྡོག་འགྲོ་སྲིད་ཅེས་བརྗོད།
          མི་བཟོས་འོད་ཆེ་དྲགས་ན། མི་ལུས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ནས། ཐུའེ་ཧེ་སུའུ་སྐུལ་རྩི་ཟགས་རྒྱུ་ཉུང་དུ་འགྲོ་སྲིད། སྐུལ་རྩི་དེ་ལས་མི་རྣམས་རྒྱུན་གཏན་བཞིན་གཉིད་ཁུག་རྒྱུར་ཕན་ཐོགས་པ་དང་སྦྲགས། མིའི་ལུས་པོའི་རིམས་འགོག་མ་ལག་དང་། བསམ་པའི་བདེ་ཐང་། མཚན་མའི་བདེ་ཐང་བཅས་ལ་གནོད་སྐྱོན་བཟོ་སྲིད། གནམ་རིག་སྐར་རྩིས་མཁས་པ་དང་སྤྱི་ཚོགས་ཚན་རིག་མཁས་པའི་ངོས་འཛིན་ལྟར་ན། འོད་ཀྱི་སྦགས་བཙོག་ལས་མིའི་རིགས་ཀྱིས་མཚན་དགུང་གི་སྐར་ཚོམ་དང་ནམ་མཁའི་དབྱིངས་ལ་ལྟ་བའི་ནུས་པ་ཆུང་དུ་གཏོང་སྲིད་པས། དེས་རིག་གནས་དང་ཚན་རིག་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། ཚོད་དཔག་བྱས་པར་གཞིགས་ན། འོད་ཀྱི་སྦགས་བཙོག་གིས་རྐྱེན་པས་འཛམ་གླིང་ཡོངས་ཀྱི་མི་འབོར་གསུམ་ཆ་གཅིག་གིས་མཚན་མོ་དགུ་ཚིགས་སྐྱ་མོ་མཐོང་ཐབས་བྲལ།
          ཞིབ་འཇུག་པས་ཤེས་རྟོགས་བྱུང་བར། ས་གོ་ལའི་མི་བཟོས་འོད་ཁྱབ་ཁུལ་གྱི་གསལ་ཚད་2012ལོ་ནས་2016ལོ་བར་2.2%འཕར་བ་དང་། ས་གོ་ལའི་མི་བཟོས་འོད་ཁྱབ་ཁུལ་གྱི་རྒྱ་ཁྱོན་2012ལོ་ནས་2016ལོ་བར་2.2%འཕར་ཡོད། སྲོལ་རྒྱུན་གྱི་གློག་སྒྲོན་ནང་ནཱ་སྒྲོན་དང་འོད་སེར་གཉིས་ཚུད་ཡོད་པ་དང་། ལྟ་ཞིབ་གྲངས་གཞིའི་ནང་འོད་སྔོན་ཚུད་མེད་མོད། འོན་ཀྱང་ཤེལ་ཏོག་LEDལས་ཅུང་ཤུགས་ཆེ་བའི་འོད་སྔོན་འཕྲོ་ཡི་ཡོད། 

རྩོམ་སྒྲིག་པ། ལྷ་འབྲུག