ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ།

ཞིབ་འཇུག་གསར་ཤོས། མཚོ་བོད་མཐོ་སྒང་གིས་ས་དབུས་རྒྱ་མཚོའི་ནམ་ཟླ་བརྒྱུད་མྱོང་ཡོད།

སྤེལ་དུས 2023-12-15 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
         མཚོ་བོད་མཐོ་སྒང་གི་ཤར་ལྷོའི་ས་ཁུལ་ནི་ཨེ་ཤ་ཡ་ལྷོ་མའི་དུས་རླུང་དང་ཨེ་ཤ་ཡ་ཤར་མའི་དུས་རླུང་ཕན་ཚུན་བྱེད་ནུས་ཐེབས་པའི་ས་ཁུལ་ཡིན་ལ། འདི་རུ་ས་དབྱིབས་ཆགས་ཚུལ་རྙོག་འཛིང་ཆེ་ཞིང་། རི་མཐོ་གྲོག་རོང་སོགས་གཡང་གཟར་ས་བྱད་མང་དུ་ཡོད་ལ། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པར་མ་ཟད། མཚོ་བོད་མཐོ་སྒང་ཡར་འཕགས་པའི་ལོ་རྒྱུས་དང་ཡ་གླིང་གི་ནམ་ཟླའི་འགྱུར་ལྡོག་ཁྲོད་གནད་འགག་ཆེ་བའི་ས་ཁོངས་ཤིག་ཡིན། 
         ཟླ12པའི་ཚེས1ཉིན། ཀྲུང་གོ་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཡོན་ཧྲི་ཏིང་ལིན་གྱིས་སྣེ་ཁྲིད་པའི་གདོང་ཐུག་ཡར་འཕགས་དང་དེའི་ཤུགས་རྐྱེན་རུ་ཁག་གིས《སའི་གོ་ལ་ཧྲིལ་བོ་དང་རྒྱུ་སྐར་གྱི་འགྱུར་ལྡོག》ཅེས་པའི་དུས་དེབ་ཏུ་ཞིབ་འཇུག་གྲུབ་འབྲས་གསར་ཤོས་བཀོད་དེ། མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་ཡར་འཕགས་སྐབས་ཀྱི་ནམ་ཟླའི་ལོ་རྒྱུས་ཀྱི་གསང་བ་བརྟོལ། ཞིབ་འཇུག་ལྟར་ན། མཚོ་བོད་མཐོ་སྒང་ནི་གནའ་སྔ་མོའི་ཚ་གདུག་དང་ཐན་སྐམ་ཆེ་བའི་མཚོ་འཕགས་དམའ་བའི་བྱེ་ཐང་ནས་ད་ལྟའི་དུས་རླུང་ནམ་ཟླས་ཚོད་འཛིན་བྱས་པའི་མཐོ་སྒང་དུ་གྱུར་པ་ཡིན་ལ། འགྱུར་ལྡོག་དེའི་གོ་རིམ་ཁྲོད་ད་དུང་དབྱར་ཁར་ཚ་ཞིང་ཐན་སྐམ་ཆེ་ལ་དཔྱིད་ཀར་དྲོ་ཞིང་ཆར་ཆུ་མང་བའི་ས་དབུས་རྒྱ་མཚོའི་ནམ་ཟླ་བརྒྱུད་མྱོང་ཡོད།
         ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་ཞིབ་འཇུག་ས་ཁོངས་ཏེ་སྨར་ཁམས་གཞོང་ས་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་བྱང་མཐར་ཡོད་ལ། དེའི་ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨི4300ཡོད། ད་སྐབས་གཞོང་སའི་ནམ་ཟླ་ནི་གཞའ་བརླན་ཕྱེད་མའི་དུས་རླུང་ནམ་ཟླར་གཏོགས་ལ། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་ཏུའུ3.9℃དང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི590ཡིན། ཐེངས་འདིར་གཞོང་སའི་དིམ་བསགས་ས་རིམ་དང་ཞིབ་ཚད་མཐོ་བའི་མེ་རི་བྲག་རྡོའི་ཡུ་ཞན་ལོ་རབས་རིག་པ། རྩི་ཤིང་འགྱུར་རྡོའི་འགྱུར་མང་ཚད་དབྱེ་ཞིབ། ཐན་སྐྱུར་ཚྭའི་ཚོགས་ཆུང་གི་གནས་མཐུན་རྒྱུའི་དྲོད་ཚད་འཇལ་ཐབས། དབྱང་གནས་མཐུན་རྒྱུའི་མཐོ་ཚད་འཇལ་ཐབས། ནམ་ཟླ་ལད་བཟོ་སོགས་ཀྱི་བྱེད་ཐབས་མཉམ་སྦྲེལ་སྒོས་སྤྱད་དེ། སྨར་ཁམས་གཞོང་སའི་ད་ལྟའི་བར་གྱི་ལོ་ངོ་ཁྲི4200ནས་ཁྲི3600ཡི་ཡར་འཕགས་ལོ་རྒྱུས་ལ་ཚད་འཇལ་བསྐྱར་སྒྲིག་བྱས། 
         རྩོམ་ཡིག་འདིའི་མཉམ་འབྲེལ་རྩོམ་མཁན་དང་པོ་དང་འཕྲིན་གཏོང་རྩོམ་མཁན། ཀྲུང་གོ་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཞུང་ཀྲུང་ཡུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྨར་ཁམས་གཞོང་སའི་གསར་ཐོན་དུས་རབས་ཀྱི་དིམ་བསགས་མཐུག་ཚད་ལ་སྨི600ཡོད་པ་དང་། དེ་བྲག་གཤིས་རིམ་པ་བཞི་རུ་བགོས་ཆོག་སྟེ། རིམ་པ་དང་པོ་དང་གསུམ་པ་ནི་གཙོ་བོ་མེ་རི་བྲག་རྡོའི་རིམ་པ་ཡིན་ལ། རིམ་པ་གཉིས་པ་དང་བཞི་པ་ནི་ཆུ་མཚེའུ་རྣམ་པའི་ས་རིམ་ཡིན། ལོ་མའི་འགྱུར་མང་ཚད་ཀྱི་དབྱེ་ཞིབ་དང་། གནས་མཐུན་རྒྱུའི་ཚོགས་ཆུང་དང་དབྱང་གནས་མཐུན་རྒྱུ། མཐོ་ཚད་བཤེར་འཇལ་བཅས་སྤྱད་དེ་ཞིབ་འཇུག་བྱས་པ་རྣམས་སྔོན་ཆད་ཀྱི་ཞིབ་འཇུག་གྲུབ་འབྲས་དང་མཉམ་སྦྲེལ་སྒོས་དབྱེ་ཞིབ་བྱས་ན། གོ་འཇོ་དང་ར་ལུ་གཞོང་སས་མཚོན་པའི་བོད་ལྗོངས་ཤར་ལྷོའི་ས་ཁུལ་འདི་དག་ལོ་ངོ་ཁྲི5000སྔོན་ལ་ཚ་གདུག་དང་ཐན་སྐམ་ཆེ་བའི་བྱེ་ཐང་ཡིན་ལ། མཚོ་འཕགས་ལ་སྨི700ཙམ་ལས་མེད། གཞི་ཁྱོན་ཆེ་བའི་བྱེ་མའི་དེའུ་འབུར་མང་པོ་གྲུབ་ཡོད་པ་དང་། ནུབ་རླུང་རྒྱུད་ཀྱི་ནམ་ཟླའི་ཤུགས་རྐྱེན་འོག་ཐན་སྐམ་ནམ་ཟླའི་མཚོན་བྱེད་དུ་གྱུར་པའི་ཤིང་ཏ་ལའི་རྩི་ཤིང་ཁྱུ་ཚོགས་སྐྱེས་ཡོད། ལོ་ངོ་ཁྲི4500ཡི་གོང་ལ། བོད་ལྗོངས་ཤར་ལྷོའི་ས་ཁུལ་མགྱོགས་མྱུར་ངང་ཡར་འཕགས་པ་དང་། ལོ་ངོ3900ཡི་གོང་རོལ་བར་དུ་སྨར་ཁམས་གཞོང་སའི་མཐོ་ཚད་སྨི2600ཡིན་ལ། ལོ་ངོ་ཁྲི3600ཡི་གོང་དུ་ད་ལྟའི་སྨི3800འདི་ལ་འཕགས་པ་རེད། 
         ཡོན་ཧྲི་ཏིང་ལིན་གྱིས“བོད་ལྗོངས་ཤར་ལྷོའི་རྒྱུད་ཡར་འཕགས་ཏེ་ད་ལྟའི་མཚོ་འཕགས་ལ་སླེབས་རྗེས། རླངས་པའི་རྒྱུད་འདྲེན་ལ་ཤུགས་རྐྱེན་ཐེབས་ཏེ་སྐམ་བརླན་དུས་ཚིགས་གཉིས་ཀྱི་ཁྱད་པར་མངོན་གསལ་ཡིན་པའི་བར་བརྒལ་རྣམ་པའི‘དུས་རླུང་ཡ་མཚན’ཞིག་གྲུབ་པ་རེད”ཅེས་བཤད་ལ། ཁོ་རང་གི་བསམ་ཚུལ་ལྟར་ན། འདི་ནི་བོད་ལྗོངས་ཤར་ལྷོའི་ས་ཁུལ་ལ་ཁྱབ་པའི་དམིགས་བསལ་གྱི་ས་དབུས་རྒྱ་མཚོའི་ནམ་ཟླའི་དཔེ་དབྱིབས་ཤིག་ཡིན་པ་དང་། དེའི་ཁྱད་ཆོས་གཙོ་བོ་ནི་རྩེ་གཉིས་རྣམ་པའི་ཆར་ཆུ་འབབ་ཚད་དེ་དཔྱིད་ཀ་དང་སྟོན་ཁར་དུས་ཚིགས་རང་བཞིན་གྱི་ཆར་ཆུ་མང་དུས་གཉིས་འབྱུང་བ་དང་། ཆར་ཆུ་འབབ་ཚད་ཉིན་རེར་ཧའོ་སྨི4ནས5ཡིན་པ། དབྱར་ཁར་ཆར་ཆུ་འབབ་ཚད་ཅུང་ཉུང་ཞིང་ཉིན་རེར་ཧའོ་སྨི2ལས་ཆུང་བ་སོགས་དེང་གི་ས་དབུས་རྒྱ་མཚོའི་ནམ་ཟླ་དང་འདྲ་སྟེ། དེའི་ཁྱད་ཆོས་ནི་དབྱར་ཁར་དྲོད་ཚད་མཐོ་ལ་ཐན་སྐམ་ཆེ་བ་དང་། སྟོན་ཁ་ནས་དཔྱིད་ཀའི་བར་དུ་གྲང་བསིལ་གྱི་ཆར་དུས་ཡིན། ཁྱད་ཆོས་འདི་ད་ལྟའི་ཨེ་ཤ་ཡ་དབུས་མའི་ཏུའུ་ཧྲང་པེ་དང་ཁ་པུའུ་ཨར། ས་མའར་ཧན། ཞི་མུའུ་ཁིན་ཐི་སོགས་ས་དབུས་རྒྱ་མཚོའི་ནམ་ཟླ་ཅན་གྱི་གྲོང་ཁྱེར་དག་དང་ཧ་ཅང་མཚུངས་པ་ལས། ད་ལྟའི་བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ཉིང་ཁྲི་དང་མཛོ་སྒང་། འབའ་ཐང་། ཆབ་མདོ་སོགས་དབྱར་ཁར་ཚ་བ་དང་རླན་གཤེར་ཆེ་ཞིང་། རྩེ་གཅིག་རྣམ་པའི་དུས་རླུང་ཆར་ཆུ་འབབ་ཚད་ཀྱི་ཁྱད་ཆོས་དང་གཏན་ནས་མི་འདྲ། 
1.གནའ་བོའི་ནམ་ཟླར་ལད་བཟོ་བྱས་པ་ལྟར་ན་བོད་ལྗོངས་ཤར་ལྷོའི་ས་ཁུལ་གྱི་རྩེ་གཉིས་རྣམ་པའི་ཆར་ཆུ་འབབ་ཚད་དང་དེང་གི་ཨེ་ཤ་ཡ་དབུས་མའི་ས་དབུས་རྒྱ་མཚོའི་ནམ་ཟླ་གཉིས་འདྲ་མཚུངས་ཡིན། (A.གནའ་བོའི་ནམ་ཟླ་ལད་བཟོ་བྱས་པ་ལས་མངོན་པའི་མགོ་བརྩམས་དུས་གསར་མཇུག་མའི་སྐབས་ཀྱི་བོད་ལྗོངས་ཤར་ལྷོའི་ས་ཁུལ་གྱི་ཆར་ཆུ་འབབ་ཚད། B.དེང་གི་བོད་ལྗོངས་ཤར་ལྷོའི་ས་ཁུལ་གྱི་ཆར་ཆུ་འབབ་ཚད། C.དེང་གི་ཨེ་ཤ་ཡ་དབུས་མའི་ས་ཁུལ་གྱི་ཆར་ཆུ་འབབ་ཚད། )
         བོད་ལྗོངས་ཤར་ལྷོའི་ས་ཁུལ་གྱིས་ས་དབུས་རྒྱ་མཚོའི་ནམ་ཟླ་བརྒྱུད་མྱོང་བའི་བདེན་དཔང་གཞན་ཞིག་ནི་རྩི་ཤིང་འགྱུར་རྡོ་ཡིན་པ་སྟེ། བོད་ལྗོངས་ཤར་ལྷོའི་གོ་འཇོ་དང་སྨར་ཁམས། ར་ལུ་གཞོང་ས་སོགས་ས་ཆའི་མགོ་བརྩམས་དུས་གསར་སྐབས་ཀྱི་ས་རིམ་ཁྲོད་ས་དབུས་རྒྱ་མཚོའི་རྩི་ཤིང་དང་ཆ་མཚུངས་པའི་དཔེ་མཚོན་ཅན་གྱི་ཐན་སྐམ་ཕྱེད་དང་ཐན་སྐམ་རྩི་ཤིང་སྟེ། ཤིང་ཏ་ལ་དང་ཨན་ཤིང་། ཡུའེ་ཤིང་། སྟར་བུ་སོགས་རྙེད་པ་དང་། རྩི་ཤིང་དེ་དག་ད་དུང་ཀྲུང་གོའི་ལྷོ་ཕྱོགས་དང་བྱང་ཕྱོགས་སུའང་ཁྱབ་ཡོད།  བདེན་དཔང་སྔར་ལས་མང་པོ་ཞིག་གིས་ལོ་ངོ4000ནས3600ཡི་ཡར་སྔོན་དུ། ད་སྐབས་དང་མི་མཚུངས་པའི་གདོད་མའི་ནམ་ཟླའི་མ་ལག་ཅིག་གིས་བོད་ལྗོངས་ཤར་ལྷོའི་ས་ཁུལ་ལ་ཚོད་འཛིན་བྱེད་མགོ་ཚུགས་པ་ར་སྤྲོད་བྱས་ཡོད།  
སྨར་ཁམས་གཞོང་སའི་སྟག་རས་བཅད་ངོས་ནས་རྩི་ཤིང་འགྱུར་རྡོ་མངོན་པ། 
         ནམ་ཟླ་ལད་བཟོའི་མཇུག་འབྲས་ཕྱོགས་སྡོམ་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའི་ས་ངོས་ཡར་འཕགས་པ་ལས་གྲུབ་པའི་ནམ་ཟླའི་དཔེ་དབྱིབས་འདིས་ཆར་ཆུ་འབབ་ཚད་ལ་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་ལྡན་པར་བྱས་ལ། དུས་ཚིགས་རང་བཞིན་གྱི་ཆར་ཆུ་འབབ་ཚད་ཀྱིས་མཁའ་དབུགས་ཀྱི་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་དང་རླུང་ཤུགས་ཀྱི་རིམ་ཟོས་ཚབས་ཆེར་བཏང་སྟེ། མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའི་རྒྱུག་ཆུའི་ཐུར་བཅད་ངོས་རྒྱ་བསྐྱེད་པ་དང་། མཐོ་སྒང་ཡར་འཕགས་པ་དང་ནམ་ཟླའི་འགྱུར་ལྡོག་གཉིས་ཀྱི་མཉམ་འབྲེལ་བྱེད་ནུས་ཐེབས་འོག་རིམ་བཞིན་ད་ལྟའི་མཐོ་སྒང་གི་ས་དབྱིབས་འདི་གྲུབ་པ་རེད། གཞན་ཡང་དེས་དངོས་རིགས་གསར་བ་གྲུབ་པར་སྐུལ་འདེད་དང་ཨེ་ཤ་ཡ་ཤར་མའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་རེད། ཞིབ་འཇུག་འདིས་མཚོ་བོད་མཐོ་སྒང་གི་ཡར་འཕགས་དཔེ་དབྱིབས་ནི་དམིགས་བསལ་བ་ཞིག་ཡིན་པའི་ཐད་བདེན་དཔང་གལ་ཆེན་འདོན་སྤྲོད་བྱས་པར་མ་ཟད། མཚོ་བོད་མཐོ་སྒང་གི་སའི་གོ་ལའི་མ་ལག་གི་སྒོར་རིམ་ཟུང་སྦྱོར་བྱེད་ནུས་ཇི་ལྟ་བུ་ཞིག་ཡིན་པའི་ཐད་དྲིས་ལན་སློག་པར་ཡང་རྨང་གཞི་བཏིང་ཡོད། 

རྩོམ་སྒྲིག་པ། ལྷ་འབྲུག