2023ལོའི་གནའ་རྫས་རྟོག་ཞིབ་གསར་འགྱུར་ཆེ་གྲས་བཅུར་བོད་ལྗོངས་ཀྱི་མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་ཚུད་འདུག
སྤེལ་དུས 2023-12-27
ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས2023ལོ་འཁོར་གྱི་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་གསར་འགྱུར་ཆེ་གྲས་བཅུ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་ཚུད་འདུག
མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་ནི་ས་བབ་མཐོ་ཚད་སྨི4600ལྷག་ཙམ་གྱི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁོངས་སུ་གནས་ཡོད་པ་དང་། བྲག་ཕུག་གཉིས་ལས་གྲུབ་ཡོད་ཅིང་། བྲག་ཕུག་གཅིག་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ1000ལྷག་ཙམ་དང་། གཞན་དེར་སྨི་ངོས་གྲུ250ཙམ་ཡོད། དེའི་ནང་གནའ་མིའི་རིག་གནས་ཀྱི་ཤུལ་བཞག་ཕུན་སུམ་ཚོགས་པོ་ཡོད། སོལ་བའི་མ་དཔེར་ཚད་འཇལ་ནས་ལོ་དཔྱད་བྱས་པའི་འབྲས་བུ་ལས་མངོན་པར། ད་བར་ཉུང་མཐར་ཡང་ལོ4000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་ནི་ས་མཐོའི་དབུས་ཁུལ་དུ་མིག་སྔའི་བར་ས་རིམ་གྱི་ཆ་འཕྲིན་གསལ་པོ་ལྡན་པའི་རྡོ་ཆས་འཇམ་རིགས་དུས་ཀྱི་གནའ་ཤུལ་ཞིག་རེད།
མེ་ལོང་ལྟག་ཕུག་ནས་ཐོན་པའི་གནའ་རྫས་ཁག་གཅིག
ངོ་སྤྲོད་བྱས་པར་གཞིགས་ན། མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་རྙེད་པ་ལས་མཚོ་བོད་མཐོ་སྒང་གི་ནུབ་རྒྱུད་ས་ཁུལ་གྱི་གནའ་མི་འཚོ་གནས་དང་། གནས་སྤོ་རིམ་འགྱུར། མི་ཚོགས་ཕན་ཚུན་སྤེལ་རེས་སོགས་ཀྱི་གནས་ཚུལ་ཞིབ་དཔྱད་བྱེད་པའི་ཐད་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། དེས་རྡོ་ཆས་འཇམ་རིགས་དུས་ཀྱི་ལག་རྩལ་ལྡན་པའི་མི་ཚོགས་མཚོ་བོད་མཐོ་སྒང་གི་དབུས་རྒྱུད་དུ་འཚོ་གནས་བྱེད་པའི་དུས་ཚོད་དང་འཚོ་རྟེན་གྱི་ལས་རིགས་སྤེལ་ཐབས་ལ་ཞིབ་འཇུག་དང་ཤེས་རྟོགས་བྱེད་པར་དཔང་རྟགས་ནུས་ལྡན་མཁོ་འདོན་ཐུབ་རྒྱུ་མ་ཟད། ད་དུང་ཡི་གེ་མ་བྱུང་གོང་གི་མི་དང་རང་བྱུང་ཁམས་བར་གྱི་སྤེལ་རེས་དང་། ཁོར་ཡུག་གི་འཕོ་འགྱུར། བོད་ལྗོངས་ཀྱི་ས་ཆ་དེ་གའི་ཞིང་འབྲོག་ལས་ཀྱི་འབྱུང་ཁུངས་དང་ཁྱབ་སྤེལ། དེ་བཞིན་ཡི་གེ་མ་བྱུང་གོང་གི་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་ཡིག་ཆ་མཁོ་འདོན་ཡང་ཐུབ་རྒྱུ་རེད།
རྩོམ་སྒྲིག་པ། ལྷ་འབྲུག