ཞིབ་འཇུག་ལྟར་ན། མཚོ་བོད་མཐོ་སྒང་དུ་ལོ2500ཡི་གོང་ནས་བཟུང་ནོར་གནག་དང་བ་གླང་རྒྱ་ཁྱབ་ངང་འཚོ་སྐྱོང་བྱས་མྱོང་འདུག
ལོ་ངོ2500ཡི་གོང་ནས་བཟུང་། མཚོ་བོད་མཐོ་སྒང་གི་འབྲོག་པ་རྣམས་ཀྱིས་ནོར་གནག་དང་བ་གླང་། དེ་གཉིས་བསྡེབས་པ་ལས་བྱུང་བའི་ཟོག་རྒྱུད་ཕྱི་མ་མཛོ་བཅས་རྒྱ་ཁྱབ་ངང་འཚོ་སྐྱོང་བྱས་མྱོང་འདུག
ཞིབ་འཇུག་འདིའི་ཁྲོད་དུ་སྤྱད་པའི་བ་གླང་དང་ནོར་གནག་གི་དཔེ་གཞིའི་ས་ཁམས་ཁྱབ་ཚུལ།
(A) སྤང་ཁ་གནའ་ཤུལ་སྔོག་འདོན་བྱས་རྗེས་ཀྱི་བརྙན་རིས། ར་བསྐོར་ནས་རྟགས་བཀོད་པའི་སྔོག་འདོན་ལས་ཡུལ་གྱི་གྲུབ་ཚུལ། (ཞུའུ་ཧའེ་ཡིས་པར་བླངས) (B) ཞིབ་འཇུག་ཁྲོད་སྤྱད་པའི་སྤང་ཁའི་ནོར་གྱི་རུས་པའི་དམར་དཔེ། (བ་གླང་གི་དཔེ་གཞི་ནི BG-1དངBG-14 BG-15 BG-33བཅས་དང་ནོར་གནག་གི་དཔེ་གཞི་ནིBG-67ཡིན)(པར་རིས་ཁྲིན་ཉིང་པོ་དང་ཀྲང་ཀྲིན་ཝེ་ཡིས་འདོན་སྤྲོད་བྱས)(C) སྤང་ཁ་གནའ་ཤུལ་ནས་བུད་པའི་སྔ་དུས་དང་འཕྱི་དུས་ཀྱི(ད་ལྟའི་བར་ལོ་ངོ3000ནས2200གོང་)ནོར་གྱི་རུས་པ་ལས་གསལ་འབྱེད་རུང་བའི་དམར་དཔེ་དང་རུས་པའི་ཆ་ཤས་ཁག་གི་འདར་ཚད། (D)ཞིབ་འཇུག་ཁྲོད་སྤྱད་པའི་མཚོ་བོད་མཐོ་སྒང་གི་གནའ་རབས་དང་ད་ལྟའི་ནོར་གནག་གི་དཔེ་གཞིའི་ཁྱབ་ཚུལ་རི་མོ། (E)ཞིབ་འཇུག་འདིའི་ཁྲོད་དུ་སྤྱད་པའི་གནའ་རབས་དང་ད་ལྟའི་སྒོ་ཟོག་གི་དཔེ་གཞིའི་ཁྱབ་ཚུལ་རི་མོ།
ཉེ་ལམ། 《ཚན་རིག་གི་འཕེལ་རྒྱས》ཞེས་པའི་རྒྱལ་སྤྱིའི་རིག་གཞུང་དུས་དེབ་ཀྱིས་དྲ་ལམ་ནས་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལི་ཁྲུའུ་ཁྲའོ་ཡི་རུ་ཁག་གིས་སི་ཁྲོན་སློབ་ཆེན་གནའ་དཔྱད་ཚན་རིག་ལྟེ་གནས་དང་། ཨ་རིའི་ཧྲིན་ལུའུ་དབྱི་སི་ཧ་ཧྲིན་ཏོན་སློབ་ཆེན་སོགས་ལས་ཁུངས10ལ་མཉམ་འབྲེལ་བྱས་ཏེ་བསྒྲུབས་པའི་མཚོ་བོད་མཐོ་སྒང་གི་ཡི་གེ་མ་བྱུང་སྔོན་གྱི་ནོར་གནག་གཡུང་ལ་ཕབ་ཚུལ་དང་བ་གླང་བཀོལ་སྤྱོད་བྱས་ཚུལ་ཐད་ཀྱི་ཞིབ་འཇུག་དཔྱད་རྩོམ་ཞིག་སྤེལ་བ་དང་། ཞིབ་འཇུག་འདིས་གོམ་གང་མདུན་སྤོས་སྒོས་ནོར་གནག་གཡུང་ལ་ཕབ་ཚུལ་དང་བ་གླང་མཐོ་སྒང་ལ་འཕྲོད་མཐུན་བྱུང་ཚུལ་ཐད་རྒྱུད་རྒྱུ་རིག་པའི་བདེན་དཔང་མཁོ་འདོན་བྱས།
འཛམ་གླིང་གི་གླིང་སྣེ་གསུམ་པར་གྲགས་པའི་མཚོ་བོད་མཐོ་སྒང་དུ། སྒོ་ཕྱུགས་ནོར་གནག་དང་བ་གླང་། དེ་གཉིས་བསྡེབས་པ་ལས་བྱུང་བའི་ཟོག་རྒྱུད་ཕྱི་མ་མཛོ་བཅས་ནི་མི་རྣམས་མཚོ་འཕགས་མཐོ་ཞིང་ཐལ་དྲགས་པའི་ཁོར་ཡུག་ནས་འཚོ་སྡོད་བྱེད་པའི་ཐད་དོན་སྙིང་བླ་ལྷག་ལྡན་ལ། དེ་དག་ནི་མཚོ་བོད་མཐོ་སྒང་གི་ཞིང་རྨོ་དང་སྐྱེལ་འདྲེན་གྱི་གཙོ་ཤུགས་ཡིན་པར་མ་ཟད། ནོར་ཤ་དང་། འོ་བཟོས་ཐོན་རྫས་ཏེ་འོ་ཞོ་དང་མར་ཆུར་སོགས་ནི་དེ་བས་ཀྱང་མི་རྣམས་ཀྱི་ཟ་མའི་ཐོན་ཁུངས་གལ་ཆེན་ཡིན་པར་མ་ཟད། ནོར་གནག་གི་ཁུལ་རྩིད་ཀྱིས་བསླེས་པའི་སྦྲ་ནག་གིས་གྲང་ངར་ཆེ་བའི་ལྷགས་རླུང་འགོག་ཐུབ་པ་དང་། ནོར་ལྕི་ཡང་མཐོ་སྒང་ལ་མེད་དུ་མི་རུང་བའི་འབར་རྫས་གལ་ཆེན་ཡིན།
མཚོ་བོད་མཐོ་སྒང་གི་ནོར་གནག་དང་བ་གླང་གི་འབྱུང་ཁུངས། གཡུང་ལ་ཕབ་ཚུལ། མཛོ་བཀོལ་སྤྱོད་བྱེད་ཚུལ། བ་གླང་ཇི་ལྟར་བྱས་ཏེ་མཐོ་སྒང་གི་ཁོར་ཡུག་དང་འཕྲོད་མཐུན་བྱུང་ཚུལ་སོགས་རྒྱུད་རྒྱུ་རིག་པ་དང་གནའ་དཔྱད་རིག་པས་ཡུན་རིང་ལ་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ལ་ཁ་གཏད་དེ། ཞིབ་འཇུག་འདིས་གནའ་དཔྱད་རིག་པ་དང་གནའ་བོའིDNAདབྱེ་ཞིབ་ལག་རྩལ་སོགས་ཕྱོགས་བསྡུས་སྒོས་བེད་སྤྱད་ནས། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་སྤང་ཁའི་མེས་པོ་དག་གིས་ནོར་གནག་དང་བ་གླང་དུས་མཉམ་དུ་འཚོ་སྐྱོང་དང་བེད་སྤྱོད་བྱེད་ཀྱིན་ཡོད་པ་གསར་རྟོགས་བྱུང་ལ། རྒྱུད་ཉེའི་འབྲེལ་བའི་སྟེང་ནས་བཤེར་འཇལ་ཞིབ་འཇུག་བྱས་ན། སྤང་ཁ་ནས་བུད་པའི་བ་གླང་གི་རུས་པ་དང་རང་རྒྱལ་ནུབ་བྱང་ས་ཁུལ་གྱི་ཧྲི་མའོ་གནའ་ཤུལ་ནས་བུད་པའི་ལོ་ངོ3900ཡི་གོང་གི་བ་གླང་གི་རུས་པ། ད་ལྟའི་མཚཕ་བོད་མཐོ་སྒང་གི་བ་གླང་གི་རུས་པ་བཅས་ལ་རྒྱུད་རྒྱུའི་རྒྱུན་མཐུད་རང་བཞིན་མངོན་ཡོད་པས། དེས་ཡི་གེ་མ་བྱུང་སྔོན་གྱི་མཚོ་བོད་མཐོ་སྒང་གི་བ་གླང་ནི་རང་རྒྱལ་གྱི་ནུབ་བྱང་ས་ཁུལ་ནས་མཆེད་པ་ཡིན་སྲིད་པ་གསལ་བཤད་བྱས།
ཞིབ་འཇུག་འདིས་ད་དུང་སྤང་ཁའི་བ་གླང་དང་ནོར་གནག་གཉིས་རྒྱུད་བསྡེབས་མྱོང་བའི་ཐད་རྒྱུད་རྒྱུ་རིག་པའི་བདེན་དཔང་གསར་བ་རྙེད་པ་སྟེ། སྤང་ཁའི་བ་གླང་ལ12.1%ནས19.5%ཡི་སྒོ་ཕྱུགས་ནོར་གནག་གི་ཁྲག་རྒྱུད་འདྲེས་པ་བདེན་དཔང་བྱས་པ་དང་། དེས་ད་ལྟའི་བར་ལོ་ངོ2500ཡི་གོང་ལ། ནོར་གནག་དང་བ་གླང་བསྡེབ་རྒྱུ་ཧ་ཅང་དར་ཁྱབ་ཆེ་བར་མ་ཟད། སྤང་ཁ་གནའ་ཤུལ་གྱི་འབྲོག་པ་དག་གིས་སྔ་མོ་ནས་དེ་གཉིས་བསྡེབས་པ་ལས་བྱུང་བའི་ཟོག་རྒྱུད་ཕྱི་མ་མཛོ་བཀོལ་སྤྱོད་བྱེད་ཤེས་འདུག རྒྱུ་མཚན་ནི་མཛོ་མོའི་འོ་མ་དང་ཤའི་ཐོན་ཚད། སྤྱོད་སྣ་ཐེགས་ཚད་སོགས་གང་ཅིའི་ཐད་ནོར་གནག་དང་བ་གླང་ལས་ལེགས་པོ་ཡོད་པས། མཛོ་བཀོལ་སྤྱོད་བྱས་པ་ནི་མཚོ་བོད་མཐོ་སྒང་གི་འབྲོག་ལས་ཀྱི་གསར་གཏོད་གལ་ཆེན་ཞིག་རེད།
སྤང་ཁ་གནའ་ཤུལ་གྱི་ཞིབ་འཇུག་གྲུབ་འབྲས་གཞན་དག་དང་ཟུང་འབྲེལ་སྒོས་བལྟས་ན། ཞིབ་འཇུག་འདིས་སྤང་ཁའི་འབྲོག་པ་རྣམས་ཀྱིས་ཡི་གེ་མ་བྱུང་བའི་གོང་ནས་བཟུང་ནོར་གནག་དང་བ་གླང་། དེ་གཉིས་བསྡེབས་པ་ལས་བྱུང་བའི་ཟོག་རྒྱུད་ཕྱི་མ། ལུག་དང་ར་མ། རྟ་སོགས་སྒོ་ཕྱུགས་སྣ་ཚོགས་ཕྱོགས་བསྡུས་སྒོས་འཚོ་སྐྱོང་བྱས་ཏེ། སྣ་མང་བའི་འཚོ་ཚིས་ཀྱི་མ་ལག་ཅིག་བཏོད་ཡོད་པ་དང་། ཕྱུགས་ཟོག་གི་ཤ་དང་འོ་མ། ཀོ་ལྤགས། ལྕི་བའི་འབར་རྫས་སོགས་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱས་ཡོད། འདི་ལྟ་བུའི་ཕྱུགས་ཟོག་འཚོ་སྐྱོང་གི་ཞོར་ལ་སོ་བ་དང་གྲོ་སོགས་འབྲུ་རིགས་ཀྱང་འདེབས་འཛུགས་བྱས་པ་ཡིས། ལོ་ངོ3000ནས2000གི་གོང་རོལ་ནས་བཟུང་། མདོ་དབུས་མཐོ་སྒང་གི་ལྷོ་རྒྱུད་དུ་ཞིང་འབྲོག་དཔལ་འབྱོར་གྱི་སྣ་མང་མཉམ་འདྲེས་གྲུབ་ཡོད་པ་གསལ་སྟོན་བྱས་ཡོད།
རྩོམ་སྒྲིག་པ། ལྷ་འབྲུག