ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

“ཁོ་ཚོ”འདྲོག་ཏུ་མི་འཇུག་པ་ནི་ཆེས་གཞི་རྩའི་བསྲུང་བྱ་ཡིན།

སྤེལ་དུས 2023-04-06 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          “ཨ་རོགས། ང‘གསའ་ཚང’ནང་དུ་ཡོད་ཡ། དོན་དག་ཅི་ཡོད།” ཉིན་གུང་གི་རྗེས་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གི་ཡིན་པའི་པར་ལེན་མཁན་ཚའེ་ཧའེ་ཡུང་གིས་ཁ་པར་ལས་གྲོགས་པོ་ལ་དགོད་སློང་བའི་ངང་བཤད།

གསའ།
          ཚའེ་ཧའེ་ཡུང་གིས“ས་གནས་དེ་གའི་འབྲོག་པ་ཚོས་ས་ཆ་དེ་ནས་རྒྱུན་པར་གསའ་རྒྱུ་བ་མཐོང་མྱོང་ཞེས་བཤད་པས། ང་ཚོས་ཚོད་དཔག་བྱས་ན། གནས་དེ་རུ་གསའ་ཡི་ཚང་ཞིག་ཡོད་སྲིད་པ་རེད། སྐབས་དེར། ངས་ཀྱང་གནས་དེ་རུ་ཁ་པར་བླངས་པ་ཡིན”ཞེས་གསར་འགོད་པར་གསལ་བཤད་བྱས།
          “པར་ལེན་མཁན་ཞིག་ལ་བརྩིས་མི་རུང་། ང་ནི་པར་ལེན་ལ་དགའ་མཁན་ཙམ་ཞིག་ཡིན།” 2017ལོའི་ལོ་མགོར་རི་སྐྱེས་སྲོག་ཆགས་པར་ལེན་གྱི་ལས་ལ་ཞུགས་པའི་རྒྱུ་རྐྱེན་གླེང་ཡོང་དུས། ཚའེ་ཧའེ་ཡུང་གིས་ཁེངས་སྐྱུང་ངང“པར་ལེན་མཁན་གཞན་པ་ཚོས་པར་བླངས་པ་རྣམས་ཧ་ཅང་ཡག་པས། ངས་དེ་ལ་དཔེ་བྱས་ནས་འཕྱི་བ་ཞིག་པར་བླངས་པ་ཡིན། ཚང་མས་ཡག་པོ་འདུག་ཟེར། དེ་ནས་རང་ཉིད་ཀྱང་པར་ལེན་གྱི་ལས་འདི་ལ་ཞུགས་པ་ཡིན”ཞེས་བཤད།
          པར་ཆས་གཅིག་དང་བརྙན་མིག་གཉིས། མི་མེད་གནམ་གྲུ་གཅིག་བཅས་ནི་ཚའེ་ཧའེ་ཡུང་གིས་རི་སྐྱེས་སྲོག་ཆགས་པར་དུ་ལེན་པའི“ཁྱིམ་ནོར”ཡོངས་རྫོགས་ཡིན། པར་ལེན་པའི་སྐབས། ཆུ་མིག་གི་ཆུ་འཐུང་བ་དང་ལམ་བྲོ་ཟ་བ་སོགས་ནི་རྒྱུན་བྱུང་གི་དོན་དག་ཅིག་ཡིན་ཞིང་། མཚམས་རེ་ལ། ས་གནས་གཅིག་ཏུ་ཉིན་གཉིས་གསུམ་ཙམ་ལ་བསྡད་ཀྱང་། མཐའ་མར་དེ་ཚོའི་གྲིབ་གཟུགས་ཙམ་ལས་མཐོང་མི་ཐུབ་པ་རེད།

ཚའེ་ཧའེ་ཡུང་གིས་པར་ལེན་བཞིན་པ།
          དུས་ཚོད་མང་བོ་འགོར་བ་དང་བསྟུན་ནས། ཁོས་ཀྱང་གནད་དོན་གྱི་རྩ་བ་ཤེས་པ་རེད། “སྐྱེ་ཁམས་ཇེ་ལེགས་སུ་གྱུར་པ་ན། རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་དུ་སོང་ཡོད་པ་དང་། ‘ཁོ་ཚོའི’ངོ་མཚར་གྱི་སྣང་བརྙན་མང་བོ་པར་དུ་བླངས་ནས་མི་སྔར་བས་མང་བོར་ལྟ་རུ་བཅུག་ན། བྱས་པའི་ལས་ལ་འབྲས་བུ་ཐོབ་པའི་ཚོར་བ་འདུག ད་དུང་པར་རིས་བརྒྱ་ཕྲག་བླངས་པའི་ནང་དུ། པར་རིས་ཡག་པོ་གཅིག་ཙམ་མ་གཏོགས་མེད་ནའང་། ཧ་ཅང་རིན་ཐང་ལྡན་པར་འདོད”ཅེས་ཚའེ་ཧའེ་ཡུང་གིས་བཤད།
          ཐེམ་ཆེན་རྫོང་གི་ཐེམ་ཆེན་ལུང་བ་ནི་པར་ལེན་མཁན་ཚོའི་མིག་ནང་གི“གསའ་ཚང”ཞིག་ཡིན་པ་དང་། གནས་དེ་ནས་ཚའེ་ཧའེ་ཡུང་གིས་ཀྱང་ཐེངས་དང་པོར་བར་ཐག་ཉེ་ས་ནས་གསའ་མཐོང་བ་ཡིན།
          ལོ་མང་བོའི་སྔོན་ལ། ལོ་གཅིག་གི་ནང་དུ་གསའ་ཞིག་པར་ལེན་ཐུབ་པ་ནི་པར་ལེན་མཁན་ཚོའི“སྟོང་བསམ”ཙམ་ཡིན། འོན་ཀྱང་། ད་སྐབས་ནི་ལོ་གཅིག་ལ་ཐེངས་གསུམ་དང་བཞི་ཙམ་ལ་པར་ལེན་ཐུབ་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པར་མ་ཟད། ད་དུང་དྲེད་མོང་དང་སྦྲེ། ཁྲུང་ཁྲུང་སྐེ་ནག ཤྭ་བ་སོགས་པར་ལེན་ཐུབ་པ་ནི་དེ་བས་ཀྱང་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད།

པར་ལེན་མཁན་ཚའེ་ཧའེ་ཡུང་།
          ལོ་འདི་དག་ལ་པར་ལེན་གྱི་བྱ་བ་རྒྱུན་འཁྱོངས་བྱས་པ་ན། ཚའེ་ཧའེ་ཡུང་ཡང་པར་ལེན་ལ་དགའ་མཁན་ཞིག་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་པ་ཞིག་ཏུ་གྱུར་ཡོད་ཅིང་། ཁོས་རང་ཉིད་ལ་བསྲུང་བྱའི་དམར་ཐིག་ཅིག་གཏན་འཁེལ་བྱས་ཡོད། “(པར་ལེན་སྐབས)གཅན་གཟན་ལ་འཕྲད་སྲིད་ཀྱང་། དེ་ཚོས་རང་འགུལ་ངང་ཚུར་རྒོལ་མི་བྱེད། ང་ཚོའི་བྱ་སྤྱོད་ཀྱིས‘ཁོ་ཚོ’འདྲོག་ཏུ་མ་བཅུག་ན། ང་ཚོ་ལ་མཁོ་བའི་སྣང་བརྙན་དེ་དག་པར་དུ་ལེན་ཐུབ། དེར་བརྟེན། ‘ཁོ་ཚོ’འདྲོག་ཏུ་མི་འཇུག་པ་ནི་ང་ཚོ་པར་ལེན་མཁན་ཚོའི་ཆེས་གཞི་རྩའི་བསྲུང་བྱ་ཡིན”ཞེས་ཚའེ་ཧའེ་ཡུང་གིས་བཤད།
          མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ས་ཆ་མང་ཤོས་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཡུག་རྒྱུད་དུ་ཚུད་ཡོད། དེ་སྔོན། པར་ལེན་མཁན་གྱིས་ཐེམ་ཆེན་ས་ཆ་ནས་པར་བླངས་པའི་པར་རིས་བརྩམས་ཆོས་མང་བོ་ལ་རྒྱལ་སྤྱིའི་ཐོག་ནས་བྱ་དགའ་ཐོབ་ཡོད། ཚའེ་ཧའེ་ཡུང་གི་པར་རིས་བརྩམས་ཆོས《རྩྭ་གཡི་མ་བུ》ཞེས་པར་ཡང་ཡོ་རོབ་གླིང་པར་ལེན་སློབ་ཚོགས་ཀྱིས་བསྒྲུབས་པའི2020ལོའི་སྐྱ་མི་བྱ་དགའི་རྒྱལ་སྤྱིའི་འགྲན་བསྡུར་གྱི་སྐྱེ་ཁམས་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་མྱོང་།
          ཐེམ་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ་ཀྲའེ་པིན་གྱིས་མིག་སྔར(ཐེམ་ཆེན་གྱི)སྐྱེ་ཁམས་ཁོར་ཡུག་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་ཅིང་། འགྱུར་ལྡོག་འདི་ཡིས་རི་སྐྱེས་སྲོག་ཆགས་རྣམས་ཕྱིར་ལོག་ཏུ་བཅུག་ཡོད་པར་མ་ཟད། ད་དུང་པར་ལེན་མཁན་མང་བོ་ཡང་ཐེམ་ཆེན་ས་ཆར་བཀུག་སྟེ་རི་སྐྱེས་སྲོག་ཆགས་དང་མཛེས་ལྗོངས་པར་དུ་ལེན་བཞིན་ཡོད།

ཚའེ་ཧའེ་ཡུང་གིས་པར་བླངས་པའི་སྦྲེ།
          “རྒྱལ་ཁབ་ཕྱི་ནང་གི་པར་ལེན་མཁན་ཆེན་མོ་སྔར་ལས་མང་བོ་ཐེམ་ཆེན་ས་ཆར་ཡོང་སྟེ་ཁོང་ཚོའི་བརྙན་མིག་སྤྱད་ནས་ང་ཚོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཕྱོགས་ཀྱི་གྲུབ་འབྲས་ཟིན་ཐོར་འགོད་པ་དང་། དུས་མཚུངས་སུ་མི་སྔར་བས་མང་བོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ནང་དུ་ཞུགས་ཏེ་མི་དང་རབ་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དམིགས་བྱ་འདི་མངོན་འགྱུར་བྱེད་པའི་རེ་བ་ཡོད”ཅེས་ཚའེ་ཧའེ་ཡུང་གིས་བཤད།