སིལ་ཏོག་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་ཡོད་སྟབས། མི་མང་པོ་སིལ་ཏོག་བཟའ་རྒྱུ་ལ་དགའ་བ་ཡིན། འོན་ཀྱང་། གོ་ཐོས་སུ་སིལ་ཏོག་ཚད་ལས་བརྒལ་བར་ཟོས་ན། རྒས་ཚད་ཇེ་མགྱོགས་ལ་འགྲོ་བ་རེད། བཤད་ཚུལ་འདི་བདེན་པ་ཡིན་ནམ། སིལ་ཏོག་ཇི་ལྟར་ཟོས་ན། ད་གཟོད་སྔར་བས་བདེ་ཐང་ཡིན་ནམ།
རྒས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ནའང་། ང་ཚོས་བྱེད་ཐབས་ཁ་ཤས་སྤྱོད་པ་བརྒྱུད་ནས་རྒས་པ་ལ་འགྲན་རྒོལ་བྱས་ཆོག་པ་སྟེ། དཔེར་ན། ཚན་རིག་དང་མཐུན་པའི་སྒོ་ནས་བཟའ་བཏུང་སྤྱོད་པ་དང་། འཆར་གཞི་ཡོད་པའི་སྒོ་ནས་དབྱང་འགྱུར་འགོག་པ་དང་རྒས་པ་འགོག་པའི་ནུས་པ་ལྡན་པའི་སིལ་ཏོག་གསར་བ་ཟོས་ཆོག
སིལ་ཏོག་གསར་བའི་ནང་དུ་ལ་སེར་གྱི་ཉིང་རྩི(胡萝卜素)དང་འཚོ་བཅུདC འཚོ་བཅུདEབཅས་ཕུན་སུམ་ཚོགས་པ་ཡོད་ཅིང་། ལ་སེར་གྱི་ཉིང་རྩི་ནི་རྒས་པ་འགོག་པའི་བཅུད་རྩི་ཡིན་སྟབས། དེ་ཡིས་ལུས་པོའི་ཕུང་གྲུབ་བམ་ཡང་ན་དོན་སྣོད་ཕྱི་རིམ་གྱི་ཕུབ་གྲུབ་ཀྱི་བདེ་ཐང་རྒྱུན་འཁྱོངས་བྱེད་ཐུབ་པ་དང་། འཚོ་བཅུདCདང་འཚོ་བཅུདEཡིས་ཕྲ་ཕུང་ལ་དབྱང་འགྱུར་བྱུང་བ་ལས་རྒས་པ་ཇེ་དལ་དུ་གཏོང་ཐུབ།
དེའི་མི་ཚད། སིལ་ཏོག་གི་ནང་དུ་ཟ་མའི་ཚི་སྣ་རྒྱ་ཁྱབ་ངང་ཡོད་སྟབས། དེ་ལ་ཕོ་རྒྱུ་ནུར་འགུལ་དང་སྙིགས་དངོས་ཕྱིར་འབུད། རྩ་འགག་པ་བཅོས་པ་སོགས་སྐུལ་འདེད་ཀྱི་ནུས་པ་ཡོད།
དེར་བརྟེན། སིལ་ཏོག་འོས་འཚམ་ངང་ཟོས་ན། ལུས་པོའི་བདེ་ཐང་རྒྱུན་འཁྱོངས་དང་རྒས་པ་འགོག་པ་ལ་ཕན་པ་ཡིན། འོན་ཀྱང་། གལ་ཏེ་སིལ་ཏོག་བཟའ་རྒྱུ་མང་དྲགས་ན། ཕལ་ཆེར་རྒས་ཚད་ཇེ་མགྱོགས་སུ་འགྲོ་བ་རེད།
ཐོག་མར། གལ་ཏེ་སིལ་ཏོག་ཁོ་ན་ཟ་བ་ལས་ཟས་རིགས་གཞན་པ་བཟའ་རྒྱུ་ཉུང་ཚེ། སྤྲི་དཀར་རྫས་དང་ཚིལ་སྐྱུར་དཀོན་པོར་འགྱུར་བ་ཡིན། དེ་འདྲ་བྱུང་ན། ལྟོགས་བཟོད་མི་ཐུབ་པས། བཀྲེས་ལྟོགས་ཀྱི་ཚོར་བ་ཆེན་པོ་བྱུང་བ་ལས་ཟ་མ་མང་པོ་སྤྱོད་པ་དང་། དེ་ནས་ཟ་མ་ཇི་ལྟར་ཟོས་ན་དེ་ལྟར་ཚོ་འབུད་པ་ཡིན། དེའི་མི་ཚད། གལ་ཏེ་ཡུན་རིང་ལ་འདི་ལྟར་ཟོས་ན། ལུས་པོ་ལ་ངེས་པར་མཁོ་བའི་ཚིལ་སྐྱུར་དང་ཚིལ་ཞུ་རང་བཞིན་གྱི་འཚོ་བཅུད་དཀོན་པོར་འགྱུར་སླ་བས། མི་ཡང་རྒས་སླ་བ་ཡིན།
བར་དུ། སིལ་ཏོག་གི་རིགས་གང་ཡིན་ནའང་། ཚང་མའི་ནང་དུ་མངར་ཆ་ཡོད་པ་དང་། སིལ་ཏོག་མང་པོ་ཟ་བའི་སྐབས། ལུས་པོར་ཡང་མངར་ཆ་མང་པོ་ཐོན་པ་ཡིན། སིལ་ཏོག་ནང་གི་མངར་ཆ་བསྡུ་ལེན་བྱས་པ་མང་ན། མི་རྒས་པར་བྱེད་པ་ཡིན།
མཐའ་མར། ཡུན་རིང་ལ་སིལ་ཏོག་ཚད་ལས་བརྒལ་བར་ཟོས་ན། འཚོ་བཅུད་དོ་སྙོམས་མིན་པ་ལས་མི་ལུས་ཀྱི་སྤྲི་དཀར་རྫས་དང་ཐཱན་ཆུའི་འདྲེས་སྦྱོར་དངོས་རྫས། ཚི་ལུ་བཅས་དོ་མི་སྙོམས་པར་བྱེད་པས། རིམས་འགོག་ནུས་པ་དང་དྲན་ཤེས་ཇེ་ཞན་དུ་འགྱུར་བ་དང་། ཟུངས་ཁྲག་ཉམས་པ། ཟས་འཇུ་དཀའ་བ་སོགས་བསྟུད་མར་འབྱུང་བ་ཡིན།