ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

མཚོ་བོད་མཐོ་སྒང་ན་གངས་འཁྱགས་ཀྱི “ཡུལ་དུས་འགྲིམ་ལམ”ཞིག་འདུག

སྤེལ་དུས 2023-08-08 ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། རྩོམ་པ་པོ།
          ལྟོས་དང་། མཚོ་བོད་མཐོ་སྒང་ན་གངས་འཁྱགས་ཀྱི“ཡུལ་དུས་འགྲིམ་ལམ”ཞིག་འདུག
          རང་བྱུང་ཁམས་ཀྱི་ངོ་མཚར་ཡུལ་ལྗོངས་ཞེས་གླེང་ཡོང་དུས། ཁྱོད་ཀྱི་སེམས་ལ་དྲན་ཡོང་བ་ཅི་ཞིག་ཡིན་ནམ་ཞེ་ན། ངའི་སེམས་ལ་དྲན་པ་ནི་འཁྱགས་པའི་བྲག་ཕུག་རེད། འཁྱགས་པའི་བྲག་ཕུག་ཆེན་པོ་ལས་མདོག་སྔོ་ནག་གི་འོད་ཟེར་འཕྲོ་ཡོང་བ་ནི“ཡུལ་དུས་འགྲིམ་ལམ(时空隧道)”ཞིག་དང་འདྲ་བར། འཇིན་རྟེན་གཞན་པ་ཞིག་ཏུ་བགྲོད་ཐུབ་པ་ལྟར་ཡོད།


འཁྱགས་པའི་བྲག་ཕུག པར་རིས《དངོས་མང》དུས་དེབ་ལས་དྲངས།
          ཉེ་ཆར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབར་རྫོང་དུ། རིང་ཚད་ལ་སྨི165ཙམ་དང་ཞེང་ཚད་ལ་སྨི26ཙམ། མཐོ་ཚད་ལ་སྨི15ཙམ་བཅས་ཡོད་པའི་འཁྱགས་པའི་བྲག་ཕུག་ཧ་ཅང་ཆེན་པོ(གངས་དཀར་འཁྱགས་པའི་བྲག་ཕུག)ཞིག་གསར་རྙེད་བྱུང་བ་དང་། དེ་ནི་གྲུབ་ཚུལ་ཚགས་དམ་ཞིང་འོད་ཆིལ་ཆིལ་དུ་བཀྲ་བའི་ཆུ་ཤེལ་ཕོ་བྲང་ཞིག་ལ་འདྲ་བར་མ་ཟད། མིའི་སེམས་ལ་ཆེས་གཡོ་འགུལ་ཐེབས་པར་བྱེད་ས་ནི་འཁྱགས་པའི་བྲག་ཕུག་ཧ་ཅང་ཆེ་བ་དེའི་ཕྱོགས་གཉིས་ཀ་ནས་ཀྱང་ནང་ལ་སོང་ཆོག་པ་དེ་རེད།
          ཆེད་མཁས་པས་མཚམས་སྦྱོར་བྱས་པར་གཞིགས་ན། འཁྱགས་པའི་བྲག་ཕུག་དེ་ཉིད་ཀྱི་གྲུབ་ཚུལ་ནི་ནམ་ཟླ་ལ་འབྲེལ་བ་དམ་ཟབ་ཡོད་པ་རེད།
          འཁྱགས་པའི་བྲག་ཕུག་ཅེས་པ་ནི་རང་བྱུང་ཆ་རྐྱེན་འོག ལོ་མང་ལ་གསོག་ཉར་བྱས་པའི་འཁྱགས་གཟུགས་ཀྱི་བྲག་ཕུག་ཅིག་ཡིན་པ་དང་། དེ་ནི་སའི་གོ་ལའི་ཐོག་གི་ཆེས་ངོ་མཚར་ཆེ་བའི་རང་བྱུང་ཡུལ་ལྗོངས་ཀྱི་ཡ་གྱལ་ཞིག་ཡིན། འཁྱགས་པའི་བྲག་ཕུག་གྲུབ་པའི་རྒྱུ་རྐྱེན་གྱི་སྐོར་ལ། མིག་སྔར་ཅུང་ཁས་ལེན་པའི་བཤད་ཚུལ་ཞིག་ཡོད་པ་ནི་འཁྱགས་པའི་བྲག་ཕུག་འདི་འཁྱགས་ཀླུང་ཞུ་བ་ལས་བྱུང་བ་ཡིན་པ་དང་། འཁྱགས་ཀླུང་ནི་ད་གཟོད་འཁྱགས་པའི་བྲག་ཕུག་སྐྲུན་མཁན་དེ་ཡིན་པ་རེད།



འཁྱགས་པའི་བྲག་ཕུག་གི་ནང་ངོས། པར་རིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲ་བ་ལས་དྲངས།

          འཁྱགས་ཀླུང་ཞུ་བ་ལ་འཁྱགས་པའི་འོག་ནས་ཞུ་བ་དང་འཁྱགས་པའི་ནང་རོལ་ནས་ཞུ་བ། འཁྱགས་པའི་ཕྱི་ངོས་ནས་ཞུ་བ་བཅས་རིགས་གསུམ་ཡོད། འདིའི་ནང་དུ་འཁྱགས་པའི་ཕྱི་ངོས་ནས་ཞུ་བ་ནི་ཆེས་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན། འཁྱགས་པའི་ཕྱི་ངོས་ཀྱི་ཞུ་ཆུ་འཁྱགས་ཀླུང་བརྒྱུད་ནས་ནང་རོལ་དུ་བཞུར་བ་ན། འཁྱགས་པའི་ནང་རོལ་དུ་འཁྱགས་པ་ཞུ་བའི་གནས་ཚུལ་འབྱུང་བ་དང་། དེའི་བྱས་འབྲས་སུ་རྣམ་པ་སྣ་ཚོགས་ཀྱི་འཁྱགས་ཀླུང་བྲག་ཞུན་གྱི་སྣང་ཚུལ་མང་པོ་སྟེ། དཔེར་ན་འཁྱགས་ཚགས(冰漏)དང་འཁྱགས་དོང་། འཁྱགས་པའི་ཕུག་ལམ། འཁྱགས་པའི་བྲག་ཕུག་སོགས་བྱུང་ཡོད།



འཁྱགས་པའི་བྲག་ཕུག་གི་ཕྱི་ངོས། པར་རིས《དངོས་མང》དུས་དེབ་ལས་དྲངས།
          ཡུལ་ལྗོངས་འདི་འདྲ་ཞིག་ཡོད་པ་ཤེས་ན། ཁྱེད་རང་ཡང་དངོས་སུ་སོང་ནས་མཛེས་སྡུག་ལྡན་ཞིང་ངོ་མཚར་ཆེ་བའི་འཁྱགས་པའི་བྲག་ཕུག་འདི་ལ་ཐེངས་ཤིག་ལྟ་འདོད་དམ། ཡིན་ནའང་། མཉམ་འཇོག་བྱ་དགོས་པ་ཞིག་ལ། བོད་ལྗོངས་ཀྱི་འཁྱགས་ཀླུང་ཚང་མ་རྒྱ་མཚོའི་འཁྱགས་ཀླུང་ཡིན་པས། ས་ཁུལ་ཁ་ཤས་ཀྱི་འཁྱགས་ཀླུང་གྲུབ་ཚུལ་ནི་དྲོད་ཚད་དང་ཁོར་ཡུག་གི་ཉིན་མཚན་འགྱུར་ལྡོག་ལ་བསྟུན་ནས་བརྟན་པོ་མིན་པར་གྱུར་དང་འགྱུར་བཞིན་ཡོད། གལ་ཏེ། འཁྱགས་པའི་བྲག་ཕུག་ནང་ལ་གསང་བ་གསལ་སྟོན་བྱེད་དུ་འགྲོ་འདོད་ཚེ། ཐོག་མར་རང་ཉིད་ཀྱི་བདེ་འཇགས་ལ་ངེས་པར་དུ་ཁག་ཐེག་བྱ་དགོས།