ཀྲུང་གོའི་བོད་ལྗོངས་དྲ་བ། > ཚན་རྩལ། > གསར་ཤོས།

སའི་གོ་ལར་ཐེངས་གཉིས་ལ་གངས་འཁྱགས་ཀྱིས་བསྡམས་མྱོང་།

སྤེལ་དུས 2023-09-11 ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། རྩོམ་པ་པོ།
          ཧ་ལམ་ལོ་དུང་ཕྱུར6གི་སྔོན་ལ། སའི་གོ་ལར་ཐེངས་གཉིས་ལ་གངས་འཁྱགས་ཀྱིས་བསྡམས་མྱོང་། 
          ད་ནས་ཡར་རྩིས་ན་ལོ་ངོ་དུང་ཕྱུར6གི་ཡར་སྔོན་ལ། སའི་གོ་ལ་འདི་ཐེངས་གཉིས་ལ་གངས་འཁྱག་གི་མཐུག་ཚད་སྨི་སྟོང་ཡན་ལ་ཟིན་པའི“གངས་ཀྱི་གོ་ལ”རུ་གྱུར་མྱོང་བར་མ་ཟད། ཐེངས་གཉི་ཀ་ལོ་ངོ་ཁྲི་སྟོང་ཡན་འགོར་ཡོད་པ་རེད། འོ་ན་གངས་ཀྱི་གོ་ལ་དེའི་གཉིས་བར་ཅི་ཞིག་བྱུང་བ་དང་། ཚེ་སྲོག་གི་རྟེན་འདི་རྐྱེན་ག་འདྲ་ཞིག་ལ་བརྟེན་ནས་བྱུང་བ་རེད་ཅེ་ན།



          ཉེ་ལམ། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཧྲན་ཡན་ཨན་ཞིབ་འཇུག་ཚན་ཆུང་གིས་རང་རྒྱལ་གྱི་ཧྭ་ནན་སོགས་ས་ཁུལ་དུ་མུ་རྒྱུད་ཞིབ་འཇུག་བྱས་རྗེས། “འཁྱགས་རོམ་བཞུས་པ་ལ་བརྟེན་ནས་གཞི་ཁྱོན་ཆེ་བའི་མེ་རི་འཕྱུར་བ”སོགས་སའི་གོ་ལ་དང་དེའི་སྟེང་གི་ཚེ་སྲོག་འཕེལ་འགྱུར་གྱི་རྐྱེན་སྲོལ་གསར་པ་ཞིག་ཐོག་མར་བཏོན་ཡོད་པས། དེང་རབས་ཀྱི་ཐལ་དྲགས་པའི་གནམ་གཤིས་འགྱུར་ལྡོག་དང་འཚོ་སྡོད་ལ་འཚམ་པའི་སའི་གོ་ལའི་ངོ་བོ་འཚོལ་ཞིབ་ཐད་བློ་སྒོ་གཞན་ཞིག་འབྱེད་པར་དོན་སྙིང་གལ་ཆེན་ལྡན། ཟླ9པའི་ཚེས7ཉིན། རྒྱལ་སྤྱིའི་སྟེང་མཚན་སྙན་ཆེ་བའི་དུས་དེབ«ཚན་རིག·ཡར་རྒྱས»སྟེང་ཞིབ་འཇུག་གི་གྲུབ་འབྲས་སྤེལ་ཡོད་དེ། གངས་ཀྱི་གོ་ལ་ནི་གོ་ལ་ཟླུམ་པོ་འདི་གངས་འཁྱགས་ཀྱིས་བཟུང་བའི་སྣང་ཚུལ་ཞིག་རེད་ལ།  སའི་གོ་ལའི་བྱུང་འཕེལ་ལོ་རྒྱུས་སྟེང་ཐེངས་དུ་མར་བྱུང་མྱོང་ཡོད། དེ་ལས་ཧ་ལམ་ལོ་ངོ་དུང་ཕྱུར7དང་བྱེ་བ2ཀྱི་ཡར་སྔོན་ལ་སི་ཐུ་ཏེ་འཁྱགས་རོམ་དུས་སྐབས་བྱུང་ནས་ཧ་ལམ་ལོ་ངོ་བྱེ་བ5དང་ས6འགོར། ཡང་ལོ་ཧ་ལམ་དུང་ཕྱུར6དང་བྱེ་བ4ཡི་ཡར་སྔོན་ལ་མ་ལི་ནའོ་འཁྱགས་རོམ་དུས་སྐབས་བྱུང་བ་དང་། དེ་ཡང་ལོ་ངོ་བྱེ་བ1ལྷག་འགོར་ཡོད་པ་རེད། ལོ་བྱེ་བའི་རིང་ལ“འཁྱགས་པོས་བསྡམས་པའི་སའི་གོ་ལ”ཡིས་སའི་གོ་ལའི་སྟེང་གི་ཚེ་སྲོག་ཐམས་ཅད་རྩ་ནས་བཅོམས་ཏེ་སྟོང་འཇགས་ཀྱི་འཇིག་རྟེན་ཞིག་བསླངས་མྱོང་ཞེས་བཀོད་ཡོད།



          སའི་གོ་ལ་གངས་འཁྱགས་ཀྱིས་བསྡམས་པའི་སྣང་ཚུལ་འདི་ཇི་ལྟར་བྱུང་བ་རེད་ཅེ་ན། གཙོ་རྒྱུགས་ཀྱི་ལྟ་བ་ལྟར་ན། སའི་གོ་སྟེང་ད་ལྟ་ཡོད་པའི་གླིང་ཆེན་པོ་བདུན་ནི་སྔ་དུས་ཡུག་གཅིག་ཏུ་འབྲེལ་བའི“སྐམ་ས་ཆེ་ཤོས”ཤིག་ཡིན། ཕྱིས“གས་འགྱུར”བྱུང་ནས་རྫས་འགྱུར་དང་རླུང་འགྱུར་ཕྱིར་མཆེད་དེ་རླུང་ཁམས་ཆེན་མོའི་ཁྲོད་དབྱང་གཉིས་ཐཱན་འགྱུར་མང་པོ་ཟད་པར་གྱུར་བས། གོ་ལ་ཧྲིལ་བོའི་གནམ་གཤིས་གློ་བུར་དུ་ཇེ་འཁྱགས་ལ་སོང་ནས་གྲང་ངར་ཧ་ཅང་ཆེ་བའི་འཁྱགས་རོམ་དུས་སྐབས་དེ་བྱུང་བ་རེད། ཕྱིས་སའི་གོ་ལའི་སྟེང་ཉར་པའི་མེ་རི་དེ་ལོ་གྲངས་ས་ཡ་མང་པོར་འགུལ་སྐྱོད་རྒྱུན་ཆད་མེད་པ་བྱས་པའི་རྐྱེན་ལས་དབྱང་གཉིས་ཐཱན་འགྱུར་མང་པོ་ཕྱིར་མཆེད་པ་དང་། དེ་ལ་བརྟེན་ནས“དྲོད་ཁང་གི་བྱེད་ནུས”ཆེན་པོ་གྲུབ་ཏེ་སའི་གོ་ལའི་སྟེང་གི་འཁྱགས་རོམ་མཐུག་པོ་ཞུ་བར་གྱུར། སི་ཐུ་ཏེ་འཁྱགས་རོམ་དུས་སྐབས་ཀྱི་རྗེས་སུ་སའི་གོ་ལའི་སྟེང་འཕེལ་འགྱུར་བྱུང་བའི་ཐོག་མའི་སྐྱེ་དངོས་ནི་ཆུ་སྔོ་ལྗང་ཁུ་དང་མཚོ་བལ་སོགས་རེད་ཟེར།



          ཧྲན་ཡན་ཨན་ཞིབ་འཇུག་ཚོགས་པས་རང་རྒྱལ་གྱི་ཧྭ་ནན་སོགས་ས་ཆ་མང་པོ་རུ་ཞིབ་འཇུག་བྱས། ཁོ་ཚོས་གཏིང་ཚད་སྨི་བརྒྱ་ཡི་ས་འོག་འཕིགས་པའི་འབིགས་ཆས་མ་ལག་གི་དབྱེ་ཞིབ་ལ་ཞིབ་འཇུག་བྱས་པ་ན། གངས་འཁྱགས་ཀྱིས་བསྡམས་པའི་སའི་གོ་ལའི་གངས་འཁྱགས་ཐོག་མར་ཞུ་བའི་སྐབས་ཀྱི་མཚོ་ཆུའི་རྫས་འགྱུར་གྱི་གྲུབ་ཆ་དང་དེང་གི་མཚོ་ཆུའི་གྲུབ་ཆ་གཉིས་གཅིག་མཚུངས་མ་རེད། དེའི་སྐབས་ཀྱི་ཆུའི་ནང་དུ་དངུལ་ཆུ་མཐུན་གནས་རྒྱུ་ཡི་འགྱུར་ལྡོག་ཡོད་པས་དེ་ནི་མེ་རི་འགུལ་སྐྱོད་དྲག་པོ་བྱུང་བའི་རྟགས་ཤིག་མཚོན་ཡོད། ཚུལ་དེར་དམིགས་ཏེ། ཁོ་ཚོས་འཁྱགས་རོམ་མྱུར་དུ་ཞུ་བ་ལ་བརྟེན་ནས་སའི་གོ་ལའི་ས་སྟེང་གི་གནོན་ཤུགས་ཇེ་ཡང་དུ་སོང་བ་དང་། དེ་ལ་བརྟེན་ནས་སའི་གོ་ལའི་ས་འོག་གི་རྡོ་ཞུན་དང་མེ་རི་འཕྱུར་བ་ཡིན་པའི་ལྟ་བ་གསར་བ་དེ་བཏོན།
          དེ་ནི་ས་ངོས་ཀྱི་ཕ་བོང་ཆེན་པོ་ཞིག་གནས་སྤར་བའི་ཤུལ་དུ་ལོ་མང་རིང་ཕ་བོང་གི་འོག་ཏུ་མནན་པའི་རྡོ་ཞུན་ཤུགས་ཀྱིས་འཕྱུར་བ་དང་གཅིག་འདྲ་རེད་ཅེས་ཞིབ་འཇུག་ཚན་ཆུང་དེའི་ཁོངས་མི་ལི་མེང་ཧན་གྱིས་ཟེར། འཁྱགས་རོམ་ཞུ་པ་ལ་བརྟེན་ནས་མེ་རི་འཕྱུར་བའི་དུས་ཡུན་ལོ་ཧ་ལམ་འབུམ1འགོར་བས། སའི་གོ་ལའི་ཁོར་ཡུག་གི་འགྱུར་ལྡོག་ལ་མཐུན་རྐྱེན་བསྐྲུན། ཚན་ཞིབ་པས་ད་དུང་ས་རྒྱུ་སྙིགས་བསགས་ཀྱི་ཁྲོད་དུ་ལྕགས་གཏེར་སེར་བོའི་ནང་གི་ཟི་མཐུན་གནས་རྒྱུའི་གྲུབ་ཆ་རྒྱུན་ལྡན་མིན་པ་ཤེས་ལ། དེ་ནི་གངས་འཁྱགས་ཀྱིས་བསྡམས་པའི་སའི་གོ་ལའི་སྣང་ཚུལ་ལ་བརྟེན་ནས་མཚོ་ཆུའི་ཟི་སྐྱུར་ཚྭ་ཡི་ཟི་མཐུན་གནས་རྒྱུའི་གྲུབ་ཆ་ལ་འགྱུར་བྱུང་བ་རེད་ཟེར། ལི་མེང་ཧན་གྱིས་འདི་སྐད། སྣང་ཚུལ་དེ་དག་གིས་སྐབས་དེའི་རྒྱ་མཚོ་ཆེན་པོ་དང་རླུང་ཁམས་ཆེན་པོའི་ཁྲོད་ཀྱི་གསོ་རླུང་རིམ་བཞིན་ཇེ་མང་དུ་སོང་སྟེ། སའི་གོ་ལའི་སྟེང་གི་ཚེ་སྲོག་གི་རྒྱུན་ཐག་སླར་གསོ་ལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་དང་། ཆུ་སྔོ་ལྗང་ཁུ་མང་པོ་སྐྱེས་པ་དང་། མཚོ་བལ་སོགས་ཐོག་མའི་སྲོག་ཆགས་འབྱུང་བ་ལ་ཆ་རྐྱེན་བསྐྲུན་ཟེར།


          ཚན་རིག་ཞིབ་འཇུག་པས་ངོ་སྤྲོད་ལྟར་ན། ཁོ་ཚོས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལ་དངོས་ཡོད་ཀྱི་དོན་སྙིང་ལྡན། ད་སྔ་སའི་གོ་ལའི་གནམ་ཟླ་ཇེ་དྲོད་འགྲོ་བའི་དུས་སྐབས་འདིར། འཁྱགས་རོམ་སྐོར་ཞིག་ཞུ་བཞིན་ཡོད་ལ། དེས་མེ་རི་འཕྱུར་བྱེད་ཀྱི་རྒྱུ་རུ་གྱུར་ནས་རྒྱ་མཚོ་ཆེན་པོར་གསོ་རླུང་གིས་མི་འདང་པའི་སྣང་ཚུལ་འབྱུང་སྲིད། དེ་དག་གིས་ང་ཚོར་ཉེན་བརྡ་ཞིག་བཏང་ཡོད་དེ། སའི་གོ་ལའི་ཁོར་ཡུག་ནི་མ་ལག་ཅིག་ཡིན་པས། འགྱུར་ལྡོག་ཏོག་ཙམ་གྱིས་དེ་ལ་འབྲེལ་བའི་རྐྱེན་མང་པོ་སློང་སྲིད་པ་ཡིན་ཟེར། 

རྩོམ་སྒྲིག་པ། ལྷ་འབྲུག