རང་བྱུང་ཁམས་ཁྲོད་ཀྱི་“རྩིས་རིག་པ་”འཚོལ་བ།
སྤེལ་དུས 2023-10-16
ཡོང་ཁུངས།
རྩོམ་པ་པོ།
རང་བྱུང་ཁམས་ཀྱི་སྐོར་གླེང་དུས། མི་མང་ཆེ་བས་ཤིན་ཏུ་སྟུག་པའི་ནགས་ཚལ་དང་ལང་ལོང་དུ་འཕྱུར་བའི་རྒྱ་མཚོ་ཆེན་པོ། དེ་བཞིན་མཐོ་ཞིང་བརྗིད་པའི་རི་རྒྱལ་ལྷུན་པོ་དང་ཐང་ཐོག་ཏུ་རྒྱུགས་པའི་རྟ་རྒོད། ཁྱུ་དང་ཁྱུར་འགྲོགས་ནས་འཕུར་བཞིན་པའི་ཁྲུང་ཁྲུང་མཚོག་དམར་སོགས་འཆར་སྲིད། དེ་རིང་ལྷན་རྒྱས་ལ་རང་བྱུང་ཁམས་ཁྲོད་ཀྱི་“རྩིས་རིག་མཁས་ཅན་”མཉམ་སྤྱོད་བྱེད་རྒྱུ་ཡིན། ལྷན་རྒྱས་ཀྱིས་རྒྱུན་ལྡན་གྱི་“རྩིས་རིག་མཁས་ཅན་”ཞེས་པ་ནི་ཛུའུ་ཀྲུང་ཀྲེ་དང་ཧྭ་ལོ་ཀེང་། དེ་བཞིན་ཁྲེན་ཇིང་རུན་དང་ཨ་ཅི་མི་ཏ་སོགས་པའི་རླབས་ཆེན་གྱི་རྩིས་རིག་པ་རྣམས་ལ་ངོས་འཛིན་སྲིད། འོ་ན་སྲོག་ཆགས་སམ་རྩི་ཤིང་ལ་“རྩིས་རིག་མཁས་ཅན་”ཞེས་འབོད་སྲིད་དམ།
གྲོག་མ།“ཁྱད་དུ་འཕགས་པའི་རྩིས་རིག་མཁས་ཅན།”
ལོ་ན་ཆུང་བའི་ང་ཚོས་གནས་ཚུལ་མང་ཆེ་བར་ཡ་མཚན་སྐྱེས་སྲིད། གྲོག་མས་ཁྱིམ་སྤོ་བ་མཐོང་དུས་དེ་ལ་དུས་ཡུན་རིང་པོ་བལྟས་ནས་སྡོད་ཅིང་། ལྷག་པར་དུ་དབྱར་དུས་ཆར་པ་བབས་རྗེས། ཆར་ཆུ་རྒྱུག་པའི་ས་ངོས་སུ་ས་ཕུང་ཆུང་ཆུང་ཐོན་གྱི་ཡོད། ས་ཕུང་ཆུང་ཆུང་གི་འོག་ཏུ་གྲོག་མའི་ས་ཕུག་གི་སྒོ་ཡོད། ང་ཚོས་ས་ཕུག་དག་རེ་རེ་བཞིན་སློག་དུས་གྲོག་མའི་ས་ཕུག་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་ཡིན་པ་ཤེས་ཐུབ། དབྱིན་ཇིའི་ཚན་རིག་པ་ཤིང་སི་ཏུན་གྱིས་དགོད་བྲོ་བའི་ཚོད་ལྟ་ཞིག་བྱེད་མྱོང་བ་སྟེ། ཆ་ག་པའི་ཕུང་པོ་ཞིག་དུམ་བུ་གསུམ་ལ་གཏུབ་ཅིང་། དུམ་བུ་དང་པོ་དེ་གཉིས་པ་ལས་ལྡབ་གཅིག་གི་ཆུང་བ་དང་དུམ་བུ་གཉིས་པ་དེ་གསུམ་པ་ལས་ལྡབ་གཅིག་གི་ཆུང་བ་གཏུབ། གྲོག་མས་ཟས་རིགས་དེ་དག་མཐོང་རྗེས་ཀྱི་སྐར་མ་40རྗེས་ལ། ཆ་ག་པའི་ཕུང་པོ་དུམ་བུ་ཆུང་ཤོས་ཀྱི་འགྲམ་དུ་གྲོག་མ་28དང་། དུམ་བུ་གཉིས་པའི་འགྲམ་དུ་གྲོག་མ་44 དུམ་བུ་གསུམ་པའི་འགྲམ་དུ་གྲོག་མ་89བཅས་སོ་སོར་བསྡད་ཡོད། གྲོག་མའི་རྩིས་རྒྱག་ནུས་པ་ཞིབ་ཚགས་དེ་ལྟ་བུ་ཞིག་ཡོད་པ་ནི་དངོས་ནས་ཡ་མཚན་བ་ཞིག་མ་རེད་དམ།
སྦྲང་ནོར་བུ།“ བཟོ་སྐྲུན་མཁས་ཅན།”
ཁྱེད་ཀྱིས་སྦྲང་ནོར་བུའི་ཚང་གི་གྲུབ་སྟངས་ལ་དོ་སྣང་བྱེད་མྱོང་ངམ། དེ་ནི་ཟུར་དྲུག་མའི་ཨི་ཁུང་མང་པོ་ལས་གྲུབ་པ་ཞིག་ཡིན། ཕར་ལྟ་དུས་ཧ་ཅང་གིས་གཙང་ཞིང་གྲལ་འགྲིག་པོ་ཡོད། མ་ཟད་རྩིས་རིག་པ་མང་པོས་རྒྱུན་ཆད་མེད་པར་རྩིས་རྒྱབ་པ་དང་ཞིབ་འཇུག་བྱས་པ་ལས་ཤེས་གསལ། སྦྲང་ནོར་བུས་རང་ཉིད་ཀྱི་ཚང་དེ་ལྟ་བུ་ཞིག་རྒྱག་པའི་རྒྱུ་མཚན་ནི། རྒྱུ་ཆ་གཅིག་པ་མང་པོ་བེད་སྤྱོད་དུས། ཟུར་དྲུག་མའི་གཞི་ཁྱོན་ཆེ་ཤོས་ཡིན་པས། སྦྲང་རྩི་དེ་བས་མང་བ་གསོག་ཉར་བྱེད་ཐུབ་ཀྱི་ཡོད། མི་འགའ་ཤས་ཀྱིས་སྦྲང་ནོར་བུའི་ཚང་དེ་རང་བྱུང་ཁམས་ཀྱི་ངོ་མཚར་གྱི་བཀོད་པར་ངོས་འཛིན་ཞིང་། སྦྲང་ནོར་བུའི་ཚང་རྒྱག་པའི་ནུས་པར་ཡིད་སྨོན་བྱེད་ཀྱི་ཡོད། སྦྲང་ནོར་བུའི་རྩིས་རིག་ནུས་པར་ང་ཚོས་བསྟོད་པ་མ་བྱེད་པ་ག་ལ་སྲིད།
སྡོམ།“དབྱིབས་རྩིས་མཁས་ཅན།”
གཤམ་ལ་ང་ཚོས་ཞིབ་དཔྱད་བྱེད་པ་དེ་ནི་སྡོམ་ཡིན། མི་འགའ་རེས་སྡོམ་ནི་“དབྱིབས་རྩིས་མཁས་ཅན།”ཞིག་རེད། ཁོང་ཚོའི་སྡོམ་ཐག་ནི་ཅི་འདྲའི་རྙོག་འཛིང་ཆེ་ཞིང་ཞིབ་ཚགས་པ་ཞིག་མ་རེད་དམ། ཆེད་ལས་ཀྱི་ཤིང་བཟོ་བས་ཐིག་ཤིང་དང་སྒོར་ཐིག་རྒྱག་ཆས་བེད་སྤྱད་ཀྱང་སྡོམ་ཐག་ལྟ་བུའི་ཁོད་སྙོམས་པའི་ཟུར་བརྒྱད་དབྱིབས་རྩིས་རི་མོ་ཞིག་བྲིས་པར་ཧ་ཅང་དཀའ་མོ་རེད་ཅེས་ཟེར་གྱི་ཡོད། གཟབ་བརླིང་ཅན་གྱི་གྲོགས་པོ་རྣམས་ཀྱིས་ད་དུང་སྡོམ་ཐག་ཁྲོད་ནས་ཨང་རྩིས་ནང་གི་ཚངས་ཕྱེད་དང་། རྒྱུད། མཉམ་བགྲོས་ཐིག་དུམ། ཟུར་གསུམ་མ། ཆ་མཚུངས་གཏད་ཟུར། དེ་བཞིན་གཏད་གྲངས་དུང་ཐིག་དང་དཔྱང་ཐག་ཐིག བརྒལ་ཐིག་སོགས་རྙེད་ཐུབ། དེ་ནི་ཧ་ཅང་ངོ་མཚར་ཆེ་བ་ཞིག་མ་རེད་དམ།
རང་བྱུང་ཁམས་ཆེན་མོ་ནི་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་ཡིན། ཁོ་པས་ང་ཚོར་འཚོ་གནས་ཀྱི་ཐོན་ཁུངས་མཁོ་འདོན་བྱས་པ་མ་ཟད། ད་དུང་བློ་རིག་མང་པོ་སློབ་ཅིང་། མིའི་རིགས་ཀྱི་སྤྱི་ཚོགས་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་བྱས་ཡོད། གྲོག་མ་དང་སྦྲང་ནོར་བུ། སྡོམ་ལ་སོགས་པ་དང་འདྲ་བའི་རང་བྱུང་ཁམས་ཀྱི་རྩིས་རིག་པ་ད་དུང་མང་པོ་ཡོད། ཁོང་ཚོའི་ཁྲོད་ནས་ང་ཚོར་ཐོབ་པའི་རིག་གནས་དང་བློ་སྒོ་འབྱེད་པར་ང་ཚོས་མུ་མཐུད་ནས་རྩད་གཅོད་དང་རྙེད་རྟོགས་བྱེད་དགོས་ཤིང་། ཤེས་བྱ་དེ་དག་འཚོ་བའི་ཁྲོད་དུ་བེད་སྤྱད་པ་དང་ཆབས་ཅིག མི་དང་རང་བྱུང་ཁམས་གཉིས་འཆམ་པོའི་ངང་མཉམ་དུ་གནས་པ་དང་། ཞི་མཐུན་ཡོང་བ་བྱེད་དགོས།