01འགོས་ནད་སྔོན་འགོག
ས་ཡོམ་གྱི་རྗེས་སུ་འབྱུང་སླ་བའི་ནད་རིགས་ལ་རྒྱུ་མའི་འགོས་ནད་དང་དབུགས་ལམ་འགོས་ནད། མི་ཕྱུགས་གཉིས་ལ་འབྱུང་བའི་ནད་རིགས། འབྲེལ་འདྲིས་དང་ས་རྒྱུ་བརྒྱུད་དེ་འགོས་པའི་ནད་རིགས་སོགས་ཡོད་པས། ཆུ་ཁུངས་ལ་སྲུང་སྐྱོབ་དང་ཆུ་འཁྱགས་མི་འཐུང་བ། གང་སར་གཅིན་སྐྱག་མི་གཏོང་བ། ལག་ཕྱིས་དང་བཟའ་བཏུང་ཡོ་བྱད་སོགས་མི་གཞན་དང་མཉམ་སྤྱོད་མི་བྱེད་པ། གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་པ། ཆམ་པ་དང་གློ་ཡུའི་གཉན་ཚད། འགོས་ཁྱབ་རང་བཞིན་གྱི་དབུགས་ལམ་འགོས་ནད་སོགས་ལ་སྔོན་འགོག་བྱེད་པ། གད་སྙིགས་དང་སྦགས་བཙོག་དངོས་པོ་སོགས་དུས་ལྟར་ཐག་གཅོད་བྱས་ཏེ་ཁོར་ཡུག་ལ་དུག་སེལ་བྱེད་པ་བཅས་བྱ་དགོས།
02རྐང་ལག་ཕྱིད་པ་སྔོན་འགོག
ངེས་པར་དུ་གྲང་འགོག་དྲོད་སྲུང་ལེགས་པོ་བྱེད་པ་དང་། དུས་མཚུངས་སུ་མགོ་དང་ལག་པ། རྐང་བ་སོགས་ཀྱི་དྲོད་ཚད་སྲུང་འཛིན་བྱེད་པ། ཕྱིད་པའི་ཁག་དེ་ཆུ་འཁྱགས་དང་མི་རེག་པ། ལག་འབོབ་དང་རྐང་འབོབ་སོགས་སྐམ་པོ་ཡིན་དགོས་པ་བཅས་གལ་ཆེ་ལ། གལ་ཏེ་ཕྱིད་སོང་ན་ལམ་སང་ཆུ་ཁོལ་མའི་ནང་སྦངས་པ་དང་ཕྱིད་སྨན་བྱུག་པ་སོགས་བྱས་ཏེ་སྨན་བཅོས་བྱ་དགོས།
03དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་པ་སྔོན་འགོག
འཚུབ་ཟློག་རས་གུར་ནང་དུ་ཁ་ལག་སྲོ་སྐབས་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱ་དགོས་པ་དང་། མེ་ཁ་འཛིན་སྐབས་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་པར་སྔོན་འགོག་བྱ་དགོས། གལ་ཏེ་སྟབས་མ་ལེགས་པར་དུག་ཕོག་པ་ཡིན་ན། ལམ་སང་དུག་ཕོག་མཁན་མཁའ་དབུགས་གསར་བ་ཡོད་སར་གནས་སྤར་ཏེ་རླུང་རྒྱུ་རུ་འཇུག་པ་དང་གོང་བ་དང་རྐེད་བཅིང་གློད་པ། མགོ་དྲང་མོར་འཇོག་པ་སོགས་བྱས་ཏེ་དབུགས་གཏོང་ལེན་ཐུབ་པ་བྱ་དགོས།
04རྨ་ཁ་རྣག་པ་སྔོན་འགོག
རྨ་ཁ་ཐད་ཀར་ས་རྒྱུ་དང་བཙོག་ཆུར་རེག་མི་རུང་བ་དང་། རྨས་མ་རྣམས་དུས་ལྟར་སྨན་ཁང་ལ་བསྐྱལ་ཏེ། རྨ་ཁར་གཙང་སེལ་དང་བཙེམ་དགོས་པར་མ་ཟད། འཛུམ་བུ་ལྟག་དགྱེ་དུག་འགོག་རྒྱུ་རྒྱག་པ་དང་གཉན་ཚད་འགོག་པ་ལ་ཁ་གཏད་པའི་སྨན་བཅོས་ནུས་ལྡན་བྱ་དགོས།
05ཟས་དུག་ཕོག་པ་སྔོན་འགོག
བཟའ་བཏུང་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ། རུལ་བ་དང་ངོ་བོ་འགྱུར་བ། རླམ་ཅན་དུ་གྱུར་པའི་ཟས། སྒོ་ཕྱུགས་ཤི་བའི་ཤ་སོགས་མི་ཟ་བ་དང་། རྙོག་ཆུས་ཁ་བཤལ་བའམ་སིལ་ཏོག་དང་སྔོ་ཚལ་འཁྲུད་པ་སོགས་མི་བྱེད་པ།
06འབུ་སྲིན་དང་བྱི་བའི་གནོད་འཚེ་སྔོན་འགོག
སྒོ་ཕྱུགས་དང་ཁྱིམ་བྱ་སོགས་འཚོ་སྐྱོང་ལེགས་པོ་བྱེད་པ་དང་། སྒོ་ཕྱུགས་ཤི་བ་རྣམས་རང་སོ་སོས་ས་འོག་ཏུ་མི་སྦེད་པར་གཅིག་བསྡུས་སྒོས་གཙང་སེལ་བྱེད་པ། གནས་སྐབས་ཀྱི་སྡོད་ཁང་དང་རྒུད་སྐྱོབ་རས་གུར་སོགས་ས་བབ་ཅུང་མཐོ་ས་དང་མཁའ་དབུགས་སྐམ་ཞིང་ཉི་འོད་རྒྱག་སར་ཕུབ་པ། མཐའ་འཁོར་དུ་བྱི་བ་འགོག་པའི་རྐ་རྐོ་བ། ཐད་ཀར་ས་ཐོག་ཏུགཉིད་མི་ལོག་བཅས་བྱས་ཏེ། བྱི་བ་དང་འབུ་སྲིན་སོགས་ལ་རྒྱང་སྐྱེད་ཅི་ཐུབ་བྱ་དགོས།