ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > ཚ་ཤོས།

བསླབ་པ་ཀུན་ལས་བཏུས་པ་ཞེས་བྱ་བ་བཞུགས་སོ།།

སྤེལ་དུས 2023-07-27 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ། རྒྱལ་སྲས་ཞི་བ་ལྷ།
  རྒྱ་གར་སྐད་དུ། ཤིཀྵ་ས་མུཙྪ་ཡ་ཀཱ་རི་ཀཱ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
  འདི་ལྟར་བདག་དང་གཞན་དག་ཀྱང་། །
  འཇིགས་དང་སྡུག་བསྔལ་མི་འདོད་ན། །
  བདག་དང་བྱེ་བྲག་ཅི་ཡོད་ན། །
  གང་དེ་བསྲུང་ལ་གཞན་མི་བསྲུང་། །
  སྡུག་བསྔལ་མཐར་འབྱིན་འདོད་པ་དང་། །
  བདེ་བའི་མཐར་ཡང་འགྲོ་འདོད་པས། །
  དད་པའི་རྩ་བ་བརྟན་བྱ་སྟེ། །
  བྱང་ཆུབ་ལ་ཡང་བློ་བརྟན་བྱ། །
  བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །
  རྒྱས་པར་ཐེག་པ་ཆེ་ལས་འབྱུང་། །
  གང་གིས་ལྟུང་བར་མི་འགྱུར་བའི། །
  གནད་ཀྱི་གནས་རྣམས་འདིར་རིག་བྱ། །
  བདག་གི་ལུས་དང་ལོངས་སྤྱོད་དང་། །
  དགེ་བ་དུས་གསུམ་སྐྱེས་པ་རྣམས། །
  སེམས་ཅན་ཀུན་ལ་བཏང་བ་དང་། །
  དེ་བསྲུང་དག་པ་སྤེལ་བའོ། །
  སེམས་ཅན་རྣམས་ཀྱིས་ལོངས་སྤྱད་ཕྱིར། །
  ལུས་ལ་སོགས་པས་བསྲུང་བར་བྱ། །
  མ་བསྲུངས་ལོངས་སྤྱོད་གང་ལས་འོང་། །
  གང་མི་སྤྱོད་པ་ཅི་ཞིག་སྦྱིན། །
  དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར། །
  དགེ་བའི་བཤེས་གཉེན་མི་གཏོང་ཞིང་། །
  མདོ་སྡེ་དག་ལ་རྟག་བལྟ་བས། །
  ལུས་ལ་སོགས་པ་བསྲུང་བར་བྱ། །
  དེ་ལ་ལུས་བསྲུང་གང་ཞེ་ན། །
  གནོད་པར་འགྱུར་བ་སྤང་བ་སྟེ། །
  དེ་ཀུན་གང་གིས་འཐོབ་ཅེ་ན། །
  འབྲས་བུ་མེད་པའི་བྱེད་སྤངས་པས། །
  དེ་ཡང་རྟག་ཏུ་དྲན་པས་འགྲུབ། །
  དྲན་པ་ཤིན་ཏུ་གུས་ལས་འབྱུང་། །
  གུས་ནི་ཞི་བའི་ཆེ་བ་ཉིད། །
  ཤེས་པར་གྱུར་ནས་བརྟུན་པས་སྐྱེད། །
  མཉམ་གཞག་ཡང་དག་ཇི་བཞིན་དུ། །
  ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །
  ཕྱི་རོལ་གཡོ་བ་བཟློག་པ་ཡིས། །
  སེམས་ནི་ཞི་ལས་མི་གཡོ་ཞིང་། །
  ཀུན་ཏུ་མི་རྒོད་འཇམ་པ་དང་། །
  རན་ཅིང་མཉེན་པར་སྨྲ་བ་ཡིས། །
  སྐལ་ཅན་སྐྱེ་བོ་འདུན་པར་འགྱུར། །
  གཟུང་བར་འོས་པའང་སྐྱེ་བར་འགྱུར། །
  འདི་ནི་གཟུང་འོས་མ་ཡིན་ན། །
  འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས། །
  ཐལ་བས་གཡོགས་པའི་མེ་བཞིན་དུ། །
  སེམས་ཅན་དམྱལ་ལ་སོགས་པར་སྲེག །
  དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར། །
  གང་གིས་སེམས་ཅན་མ་དད་འགྱུར། །
  དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། །
  དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །
  འདི་ནི་བདག་ལུས་བསྲུང་བ་སྟེ། །
  སྨན་དང་གོས་ལ་སོགས་བཅས་པས། །
  བདག་ལ་སྲེད་པས་ལོངས་སྤྱད་ན། །
  ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །
  ལེགས་སྤྱད་དག་ལ་བརྩམ་པར་བྱ། །
  ཐམས་ཅད་ལ་ཡང་ཚོད་རིག་བྱ། །
  དེ་ལྟས་བསླབ་པའི་གཞི་འདི་ལས། །
  དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ། །
  རང་དོན་རྣམ་སྨིན་སྲེད་སྤངས་པས། །
  དགེ་བ་ཀུན་ཏུ་བསྲུང་བར་འགྱུར། །
  འགྱོད་པར་ཡང་ནི་མི་བྱ་སྟེ། །
  བྱས་པར་གྱུར་ཀྱང་བསྒྲག་མི་བྱ། །
  རྙེད་དང་བཀུར་སྟིས་འཇིགས་བྱ་ཞིང་། །
  ཁེངས་པ་རྟག་ཏུ་སྤང་བར་བྱ། །
  བྱང་ཆུབ་སེམས་དཔའ་དད་བྱ་ཞིང་། །
  ཆོས་ལ་ཡིད་གཉིས་སྤང་བར་བྱ། །
  ལུས་ནི་རྣམ་པར་སྦྱངས་བྱས་ན། །
  ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ། །
  འབྲས་ཆན་ལེགས་པར་ཚོས་པ་དང་། །
  གཟེགས་མེད་ལུས་ཅན་ཕན་པ་འདྲ། །
  ཇི་ལྟར་ལོ་ཏོག་བཙས་ཁེབས་ན། །
  ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར། །
  དེ་ལྟར་སངས་རྒྱས་མྱུ་གུ་ཡང་། །
  ཉོན་མོངས་ཁེབས་ན་རྒྱས་མི་འགྱུར། །
  ལུས་ཀྱི་དག་པ་གང་ཞེ་ན། །
  སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན། །
  རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ་དུ། །
  འབད་པ་མེད་ན་ངན་འགྲོར་འགྲོ། །
  བཟོད་བྱ་ཐོས་པ་བཙལ་བར་བྱ། །
  དེ་ནས་ནགས་སུ་གནས་པར་བྱ། །
  མཉམ་པར་གཞག་ལ་བརྩོན་བྱ་ཞིང་། །
  མི་སྡུག་ལ་སོགས་བསྒོམ་པར་བྱ། །
  ཡང་དག་འཚོ་བ་སྦྱངས་པ་ཡིས། །
  ལོངས་སྤྱོད་དག་པར་ཤེས་པར་བྱ། །
  སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །
  བསྐྱེད་པས་བསོད་ནམས་དག་པར་འགྱུར། །
  གཟུང་བར་བྱ་བ་རབ་མང་ལ། །
  འདི་ནི་ཉུང་ན་འདིས་ཅི་བྱ། །
  ཤིན་ཏུ་ངོམས་པ་སྐྱེད་མ་ཡིན། །
  དེ་ཕྱིར་འདི་ནི་འཕེལ་བར་བྱ། །
  དེ་ལ་ལུས་འཕེལ་གང་ཞེ་ན། །
  ལེ་ལོ་མེད་དང་སྟོབས་སྐྱེད་ཡིན། །
  སྟོང་དང་སྙིང་རྗེའི་སྙིང་པོ་ཅན། །
  སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །
  བརྩོན་དང་བསམ་པ་བརྟན་པར་ཡང་། །
  དང་པོ་ནན་ཏན་བྱས་ནས་ནི། །
  སྙིང་རྗེ་མདུན་དུ་བཞག་ནས་ནི། །
  དགེ་བ་སྤེལ་ལ་ནན་ཏན་བྱ། །
  བཟང་པོ་སྤྱོད་པའི་ཆོ་ག་བཞིན། །
  ཕྱག་འཚལ་ལ་སོགས་གུས་པར་བྱ། །
  དད་པ་ལ་སོགས་རྟག་ཏུ་བསྒོམ། །
  བྱམས་དང་སངས་རྒྱས་སོགས་དྲན་བྱ། །
  དུས་རྣམས་ཀུན་ཏུ་སེམས་ཅན་དོན། །
  ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །
  བྱང་ཆུབ་སེམས་ནི་མདོར་བསྡུ་ན། །
  བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །
  འགྲུབ་པ་ཡང་དག་སྤོང་རྣམས་ཏེ། །
  བག་ཡོད་པ་དང་མ་བྲལ་ཞིང་། །
  དྲན་པ་དང་ནི་ཤེས་བཞིན་དང་། །
  ཚུལ་བཞིན་དུ་ནི་སེམས་པའོ། །
  བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། མཁན་པོ་ཞི་བ་ལྷས་མཛད་པ་རྫོགས་སོ།། །
  རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱི་ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཞུ་གཏུགས་ལེགས་པར་བྱས།