མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ་སོགས།
ན་མོ་གུ་རུ་མཉྫུ་གྷོཥཱ་ཡ།
དུང་དུང་གུས་པའི་དབྱངས་ཀྱི་རྔ་སྒྲ་དང་། །
ལྷན་ཅིག་གར་བསྒྱུར་ཡབ་གཅིག་མཁྱེན་པའི་གཏེར། །
ལམ་ལམ་འབར་བ་རལ་གྲིའི་འཁྲི་ཤིང་གིས། །
བཅུ་དྲུག་འཆིང་བའི་དྲ་བ་དྲུངས་ཕྱུངས་ཤིག །
མིང་སྐམ་རི་བོའི་ཕག་ཏུ་མ་འཆེལ་ཞིང་། །
གོས་དར་ཆུ་འཛིན་དྲ་བས་མ་བསྒྲིབས་པར། །
ལུང་རིགས་ཚ་ཟེར་རྒྱས་པའི་ཉི་མ་གང་། །
མཁས་པ་དགའ་བྱེད་གཏམ་གྱི་འོད་འདི་སྤྲོ། །
མྱ་ངམ་སྲིད་པའི་འབྲོག་ཏུ་ཡིད་སྐྱོ་ཞིང་། །
རྣམ་གྲོལ་ཆུ་གཏེར་སྙིང་ལ་འགོད་བཞིན་དུ། །
ལེགས་བཤད་མགྲིན་རྔ་དལ་གྱིས་སྒྲོགས་པ་ཡི། །
བློ་ལྡན་ངང་བའི་ཁྱུ་ཚོགས་འདིར་ཞུགས་ཤིག །
དེ་ཡང་། རྗེ་བདག་ཉིད་ཆེན་པོས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་པ་ལྟར། སྟོན་པས་ཆོས་ཕུང་ཇི་སྙེད་ཅིག་བཀའ་སྩལ་པ་ཐམས་ཅད་ཀྱི་དགོངས་པའི་གཏད་སོ་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་འགྲོ་བ་མཐའ་དག་དེ་ལས་སྒྲོལ་བའི་ཆེད་དུ་ཡིན་ལ། དེའི་ཚུལ་ཡང་། ཇི་སྐད་དུ། དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཞེས་ཕྱི་རོལ་ཚེར་མ་འདོན་པའི་ཚུལ་གྱིས་སྤོང་མི་ནུས་པས་སྡུག་བསྔལ་གྱི་རྩ་བ་སུན་དབྱུང་དགོས་ལ། དེ་ཡང་ལས་ཀྱི་ཀུན་འབྱུང་དང་། དེའི་རྩ་བ་ཕྲ་རྒྱས་དང་། དེའི་ནང་ནས་ཀྱང་གཙོ་བོ་བདག་ཏུ་འཛིན་པའི་མ་རིག་པ་ལ་ཐུག་ཅིང་། དེ་འཇོམས་བྱེད་ཀྱི་གཉེན་པོ་དངོས་ནི། ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཡིན་པའི་ཕྱིར། སྡེ་སྣོད་ཐམས་ཅད་ཀྱང་ལམ་དེ་ལ་འབབ་ཅིང་གཞོལ་བ་ཤ་སྟག་ཡིན་ཏེ། མདོར་བསྡུ་ན་རྒྱལ་པའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དྲི་མ་མེད་པ་མཐའ་དག་གདུལ་བྱ་རྣམས་ཀྱི་སྡུག་བསྔལ་རྒྱུ་བཅས་སྤོང་བ་དང་། མྱང་འདས་ཐོབ་བྱེད་ལམ་དང་བཅས་ཏེ་འདོམས་པ་འབའ་ཞིག་ལས་མ་འདས་པས་བདེན་བཞིའི་བླང་དོར་གྱི་ཚུལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་གཅེས་མཛོད་གཅིག་པུ་ཡིན་པར་ཤེས་དགོས་ཏེ། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེ་ཆུང་གཉིས་ཀ་ལས། བདེན་པ་བཞི་ནི་ཐེག་པ་ཆེེ་ཆུང་ཀུན་ཏུ་ལན་དུ་མར་གསུངས་ཤིང་། འཁོར་བར་འཇུག་པ་དང་། དེ་ལས་བཟློག་པའི་གནད་རྣམས་བདེ་བར་གཤེགས་པས་བསྡུས་པ་ཡིན་པས་རྣམ་གྲོལ་བསྒྲུབ་པ་ལ་ཤིན་ཏུ་གལ་ཆེ་ཞིང་། ཉམས་ལེན་གྱི་འགག་སྡོམ་ཆེ་བས་རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས་ཏེ། ཞེས་གསུངས་པའི་ཕྱིར་རོ། །དོན་གྱི་དབང་འདི་གཟིགས་ནས་དཔལ་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་ལས། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགར་ཡང་ཉེར་མཁོ་མེད། །བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་དང་བཅས་པ་རིག་མཛད་པ། །གང་དེ་ཚད་མ་ཉིད་འདོད་ཀྱི། །ཞེས་དང་། ལུགས་ལྡོག་གི་སྐབས་སུ་ཡང་། ཡང་ན་སྐྱོབ། །བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒོ་ནས་སྟོན་པ་སྐྱོན་མེད་དུ་བསྒྲུབས་ཤིང་། དབུ་མ་སྙིང་བོར་ཐེག་ཆེན་བཀར་བསྒྲུབ་ཀྱིི་སྐབས་སུ། ཐེག་ཆེན་སངས་རྒྱས་གསུངས་ཡིན་ཏེ། ། བདག་མེད་ལ་སོགས་སྟོན་པ་དང་། །ཞེས་དང་། རྟོག་གེ་འབར་བ་ལས། སྟོང་བ་དང་མི་རྟག་པ་ལ་སོགས་པ་ཡོད་པ་དེ་ནི་བདག་མེད་པ་ལ་སོགས་སོ། །དེ་རྣམས་སྟོན་པར་བྱེད་པ་ནི། བདག་མེད་ལ་སོགས་སྟོན་པའོ། །ཞེས་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་སྟོན་པའི་རྟགས་ཀྱིས་ཐེག་པ་ཆེན་པོ་སངས་རྒྱས་བསྟན་པ་སྐྱོན་མེད་ཡིན་པར་བསྒྲུབ་སྟེ། དེའི་ཕྱིར་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ཚུལ་འདི་ལ་རིང་དུ་འདྲིས་པར་བྱའོ། །
བདེན་བཞིར་ཕྱེ་བའི་དགོས་པ།
༈ དེ་ལ་ཡང་ཁྱད་གཞི་བདེན་པ་བཞིའི་རྣམ་གཞག ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་གི་རྣམ་གཞག དེ་དག་གོམས་པས་ལམ་བགྲོད་ཚུལ་དང་གསུམ། དང་བོ་ལ་ཡང་བདེན་པ་བཞིར་ཕྱེ་བའི་དགོས་པ། སྡུག་བདེན་སྔོན་དུ་གསུངས་པའི་དགོས་པ། སོ་སོའི་ངོ་བོ། གྲུབ་མཐའི་འདོད་ཚུལ་དང་བཞི།
༈ དང་བོ་ནི། སྤྱིར་ཤེས་བྱའི་རྣམ་གྲངས་ལ་མཐའ་ཡས་པ་ཡོད་ཀྱང་། གསུང་རབ་ལས་གཙོ་བོ་བདེན་པ་བཞིར་ཕྱེ་ནས་གསུངས་པའི་རྒྱུ་མཚན་ཡོད་དེ། བདག་ལེགས་སུ་འདོད་པ་རྣམས་གང་ལས་ལྡོག་པ་དང་། གང་དུ་འཇུག་ཤེས་ནས་བླང་དོར་བྱ་བའི་ཕྱིར་གཏན་ལ་དབབ་བྱ་ནི་ཀུན་ཉོན་དང་རྣམ་བྱང་གི་ཕྱོགས་གཉིས་སུ་ངེས་ལ། དེ་གཉིས་ཀྱང་ཆེ་ལོང་བསྡུས་ན་སྔ་མའི་རྒྱུ་འབྲས་སྡུག་ཀུན་གཉིས་དང་། ཕྱི་མའི་རྒྱུ་འབྲས་འགོག་ལམ་གཉིས་སུ་ངེས་པ། དེའི་དབང་དུ་བྱས་ཀྱི་དབྱེ་གཞི་གཅིག་ལ་ཕུང་གསུམ་སེལ་བའི་གྲངས་ངེས་ཀྱི་དབང་དུ་བྱས་ནས་ཕྱེ་བ་མ་ཡིན་པའི་ཕྱིར་ཏེ། རྣམ་བཤད་སྙིང་བོ་རྒྱན་ལས། ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་གཏན་ལ་དབབ་བྱའི་གཙོ་བོ་ནི་འཁོར་བ་དང་། མྱ་ངན་ལས་འདས་པས་བསྡུས་པའི་ཕྱོགས་གཉིས་སུ་ངེས་པ་ཞེས་གསུངས་པའི་ཕྱིར། ཉན་ས་ལས། དེ་ལ་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ལ་བརྟེན་པ་རྣམ་པ་གཉིས་སུ་ངེས་པའི་ཕྱིར། བདེན་པ་བཞི་རྣམ་པར་བཞག་གོ་ཞེས་གསུངས་པ་ཡང་། འདི་དང་དགོངས་པ་གཅིག་པས་ཀུན་བྱང་གི་ཕྱོགས་གཉིས་ལ་བྱ་ཡི། དཀར་ནག་གི་ཕྱོགས་སྤྱི་ཙམ་ལ་མི་རུང་སྟེ། རིགས་རྒྱན་ལས། སྤྱད་པ་ལས་བདེ་བ་འབྱུང་བ་དཀར་ཆོས་ཀྱི་མཚན་ཉིད་ཅེས་གསུངས་ཤིང་། འགྲོ་བ་ཞི་བའི་འཕྲིན་ལས་ཡང་ཡིན་པས་འཕེན་བྱེད་དགེ་བའི་ལས་ལྟ་བུ་སྤྱིར་དཀར་པོའི་ཆོས་ཀྱི་ཕྱོགས་སུ་འདོད་དགོས་ཀྱང་། འདིར་བཤད་པའི་ནག་པོའི་ཕྱོགས་ཡིན་ཏེ། ལྡོག་བྱའི་ཕྱོགས་ཀྱི་འཕགས་པའི་བདེན་པ་ཡིན་པའི་ཕྱིར། ཕྱིས་ཀྱི་ཡིག་འཇོག་པ་ཁ་ཅིག་དེ་ལྡོག་བྱ་མ་ཡིན་ཏེ། གནས་སྐབས་ཀྱི་བླང་བྱ་ཡིན་པའི་ཕྱིར་ཟེར་བ་ནི་བདེན་བཞིའི་འཇུག་ལྡོག་སྟོན་པ་སྤྱི་ལུགས་དང་འགལ་ཞིང་། ཁྱད་པར་དུ་བཞི་བརྒྱ་པ་ལས། ཡུལ་ནི་དགེ་བའི་ཡིད་འོང་ན། །ཡུལ་དེ་ངན་པར་རྩི་བ་ཡིན། །གང་ཞིག་བཏང་བ་ཤེས་འགྱུར་བ། །དེ་སྒྲུབ་པ་ཡིས་ཅི་ཞིག་བྱ། །ཞེས་པ་དག་དང་དེའི་འགྲེལ་བ་ཟླ་བས་མཛད་པ་ལས། ཡུལ་ཡིད་དུ་འོང་བ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཞེས་པ་འདོད་པའི་ཡོན་ཏན་ལྔའི་བདག་ཉིད་གང་ཡིན་པ་དེ་ནི་དགེ་བའི་ལས་ཀྱིས་འཐོབ་ན། དེ་ཉིད་ཐར་བ་འདོད་པའི་སེམས་ཅན་རྣམས་ཀྱིས་མི་གཙང་བས་བསྐུས་པའི་ཁྱི་ལྟར་སྨད་པར་འགྱུར་རོ། །ཞེས་སོགས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། སྙིང་ནས་ལྡོག་བྱར་མི་བྱེད་ན་ཚིག་ཙམ་གྱིས་སྨོད་པ་ནི་དེང་དུས་ཀྱི་ཕལ་མོ་ཆེའི་གཡོ་སྒྱུའི་སྤྱོད་ཚུལ་དང་མཐུན་ཡང་དམ་པའི་ལུགས་སྲོལ་མ་ཡིན་པའི་ཕྱིར། འོན་ཏེ་འདིས་འདོད་ཡོན་སྤང་བྱར་བསྟན་པ་ཡིན་གྱི། དེའི་རྒྱུ་བསོད་ནམས་ཀྱི་ལས་སོགས་ལྡོག་བྱར་བསྟན་པ་མ་ཡིན་ནོ་སྙམ་ན་ཆེས་མི་རིགས་ཏེ། འདིར་བཤད་པའི་གཙོ་བོ་ནི་ལས་དེ་དག་གིས་དེ་ལྟ་བུའི་ཕན་པ་ཉི་ཚེ་བསྒྲུབ་ནུས་ཀྱང་ཕུགས་འཁོར་བར་འཆིང་བྱེད་ཡིན་པས། དཔེར་ན། དུག་ཅན་གྱི་ཟས་དེས་གནས་སྐབས་ལྟོ་འགྲང་བ་ཙམ་ཡོད་ཀྱང་། ཕུགས་སྲོག་ལ་རྒོལ་བས་འདོར་དགོས་པ་ལྟར་འདི་ཡང་འདོར་བྱར་བསྟན་པ་ཡིན་པའི་ཕྱིར་ཏེ། དེ་ཉིད་ལས། འདི་ན་ཡུལ་ལོག་གྱུར་པ་ལ། །ཡུལ་ནི་དམིགས་པར་གྲགས་འགྱུར་ཏེ། །ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས། །རྒྱུ་ཅི་ཞིག་གིས་ཡང་དག་འདོད། །ཅེས་ཡུལ་སྲིད་པའི་ཕུན་ཚོགས་རྣམས་དོར་ནས་ཚངས་སྤྱོད་ལ་གནས་ཀྱང་། ད་དུང་ཕུགས་སུ་དེ་འདོད་པས་ཕྱི་མར་དེ་སྒྲུབ་བྱེད་ཀྱི་རྒྱུའི་ལས་སོགས་བླང་བྱར་བྱེད་པ་ཕྱིན་ཅི་ལོག་གི་ཆོས་སུ་གསུངས་པའི་ཕྱིར། དེའི་དམིགས་ཞེས་པ་འདོད་པའི་དོན་དུ་དར་ཊཱིཀ་ལས་གསུངས་སོ། །
སྡུག་བདེན་སྔོན་དུ་གསུངས་པའི་དགོས་པ།
༈ གཉིས་པ་ནི། སྤྱིར་གོ་རིམ་ལ། རིགས་སད་པ་སེམས་བསྐྱེད་ཀྱི་སྔོན་དུ་འགྲོ་དགོས་ཀྱང་། རྒྱན་ལས་སེམས་བསྐྱེད་དེའི་སྔོན་དུ་གསུངས་པ་ལྟ་བུ་བཤད་པའི་རིམ་པ་དང་། ཡང་ཕྱིན་དྲུག་ལྟ་བུ་ནི། མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་རྒྱུ་འབྲས་དང་། དམན་མཆོག་དང་། ངེས་དཀའ་སླ་གསུམ་གའི་དབང་དུ་བྱས་པར་གསུངས་པ་སོགས་སྣ་ཚོགས་ཡོད་ལ། བདེན་བཞིའི་གོ་རིམ་ཡང་། སྐབས་བཞི་བར། རྒྱུ་དང་ལམ་དང་སྡུག་བསྔལ་དང་། ཞེས་སོགས་ཀྱི་དོན་ནི། འགྲེལ་ཆུང་དོན་གསལ་ལས། ཀུན་ནས་ཉོན་མོངས་པ་གཅིག་ཤོས་ཀྱི་ཕྱོགས་ལ་བརྟེན་ནས་ཀུན་འབྱུང་བ་དང་ལམ་གྱི་བདེན་པ་དག་ནི་རྒྱུ་ཡིན་ལ། སྡུག་བསྔལ་དང་འགོག་པའི་བདེན་པ་དག་ནི་འབྲས་བུ་ཡིན་པར་དོན་གྱིས་བསྟན་པའི་ཕྱིར། ཞེས་པ་ལྟ་བུའི་སྐབས་ཁ་ཅིག་ཡོད་ཀྱང་། གཙོ་བོ་ནི་དགེ་སློང་དག འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །ཞེས་སོགས་མདོ་དང་ཀུན་བཏུས་གཉིས་པ་བདེན་པ་རྣམ་ངེས་ལས། བདེན་པ་རྣམ་པར་ངེས་པ་གང་ཞེ་ན། འཕགས་པའི་བདེན་པ་བཞི་བོ་དག་སྟེ། སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་མོ། །ཞེས་སོགས་བསྟན་བཅོས་ཕལ་མོ་ཆེར་རྒྱུ་འབྲས་ཀྱི་རིམ་པ་ལས་བཟློག་སྟེ་གསུངས་པ་ཅི་ཡིན་སྙམ་ན། མཛོད་ལས། དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཞེས་ཡུལ་ཅན་མངོན་རྟོགས་སྐྱེ་རིམ་དང་བསྟུན་པར་གསུངས་ཤིང་། དེའི་ཚུལ་ནི། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་པ་ལྟར་སྡུག་བསྔལ་ནད་དང་འདྲ་བར་ཤེས་པ་ན་དེ་དང་འབྲལ་དགོས་པའང་ཤེས་པར་འགྱུར་ལ། དེའི་ཚེ་དེ་ཡང་། གང་ཕྱིར་དེ་ལྟར་རྒྱུ་གནས་ན། །འབྲས་ལོག་གཟིགས་པ་མེད་ཕྱིར་རོ། །ཞེས་པའི་ཚུལ་གྱིས་རྒྱུ་ལོག་པ་ལ་ལྟོས་པར་མཐོང་ནས། རྒྱུ་ཀུན་འབྱུང་ལ་སྤོང་འདོད་སྐྱེ་ཞིང་། རྒྱུའི་རྩ་བ་ངོས་ཟིན་ནས་དེའི་ཞེན་ཡུལ་ཁེགས་པ་ན། དེ་གཞི་མེད་པས་སྤོང་ནུས་སུ་ཤེས་ཏེ་འགོག་པ་མངོན་དུ་བྱ་འདོད་སྐྱེའོ། །དེ་ལྟར་སྤོང་དགོས་ཤིང་རང་གིས་ཀྱང་སྤོང་ནུས་པར་མཐོང་བ་ན། དེ་སྤོང་བའི་ཐབས་ལ་འཇུག་པ་ནི་དཔྱོད་ལྡན་སྤྱིའི་ལམ་སྲོལ་ཡིན་པས་ལམ་བདེན་བཞི་བར་བསྟན་ཏོ། །དེ་ལྟར་ན་སྡུག་བདེན་དང་བོར་བསྟན་པ་འདི་ནི་གསར་རྟོགས་ཀྱི་སྐབས་སུ་མ་ཟད། ལས་དང་བོ་པས་ཐོག་མར་བློ་སྦྱོང་བའི་སྐབས་སུ་ཡང་ཉམས་ལེན་གྱི་གནད་ཁྱད་པར་ཅན་ཡོད་པས་མན་ངག་བླ་ན་མེད་པ་ཡིན་ཏེ། ལམ་རིམ་ལས། སྟོན་པས་རྒྱུ་འབྲས་ཀྱི་རིམ་པ་ལས་བཟློག་སྟེ་གསུངས་པ་ལ་ནི་ཉམས་ལེན་གྱི་གནད་ཆེན་པོ་ཡོད་པས། ཞེས་གསུངས་པའི་ཕྱིར། ཚུལ་དེ་ཅུང་ཟད་ཞིབ་ཏུ་བཤད་ན་འདི་ཡིན་ཏེ། གཞི་བསྡུ་བ་ལས། ཡང་དག་པའི་དོན་དུ་འདུ་ཤེས་པ་ལ། ལེགས་པར་འདྲེས་པར་བྱས་པ་ན། ཕྱིས་མི་མཐུན་པའི་འདུ་ཤེས་ཡང་དག་པར་གནས་པར་འགྱུར་ཏེ། འབྲས་བུ་ནི་སྔར་བསྟན་ཏེ། རྒྱུ་ནི་ཕྱིས་བསྟན་ཏོ། །ཞེས་གསུངས་པ་ལྟར་རང་རེའི་ཤེས་རྒྱུད་ལ་ཞིབ་ཏུ་བརྟག་པ་ན་ཚིག་སྤྱི་ཙམ་མ་གཏོགས་སྙིང་ནས་ཐར་བ་དོན་གཉེར་འབྱུང་བ་ཤིན་ཏུ་དཀའ་ཞིང་། སྡུག་བསྔལ་གྱི་རྒྱུ་ལས་ཉོན་སོགས་ལ་ངང་གིས་ཞུགས་འགྲོ་བ་འདི་ནི། ཐོག་མ་མེད་པ་ནས་སེམས་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་སྡུག་བསྔལ་ལ་བདེ་བར་འཁྲུལ་བའི་དབང་གིས་ཡིན་ཏེ། དཔེར་ན་གབ་ཚད་ཀྱི་རིགས་འགའ་ཞིག་གྲང་བར་འཁྲུལ་བ་ན། དེ་སེལ་བྱེད་ཀྱི་གཉེན་པོ་མི་བསྟེན་པར། འཕེལ་བྱེད་ཀྱི་ཟས་སྤྱོད་སོགས་ལ་ཆེད་དུ་གཉེར་ནས་འཇུག་པ་དང་འདྲ་བས། དེ་དེ་ལས་བཟློག་པ་ལ་མེད་མི་རུང་དུ་ནད་ངོ་ཤེས་དགོས་པ་ལྟར། འདིར་ཡང་སྲིད་པ་སྡུག་བསྔལ་གྱི་རང་བཞིན་ལ་སྡུག་བསྔལ་དུ་ངོ་ཤེས་ནས་ཞན་པ་གཏིང་ནས་ལོག་པ་ཞིག་མ་བྱུང་ན་རྩ་བ་ཆད་པས་གོང་དུ་འཁྲིད་ཐབས་མེད་ཅིང་དེའི་མུ་ནས་ཐར་བ་དོན་དུ་གཉེར་ཁུལ་བྱས་ཀྱང་འོག་གི་ཟག་བཅས་ཀྱིི་ཁྱད་པར་འགའ་ཞིག་ཐར་པར་འཛིན་པ་སོགས་ལོག་པ་འབའ་ཞིག་ཏུ་འགྲོ་བས་ཐར་འདོད་རྣལ་མ་སྐྱེ་བ་གཏན་མི་སྲིད་དེ། བཞི་བརྒྱ་པ་ལས། གང་ལ་འདིར་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཞེས་དང་། རྒྱུད་བླ་མ་ལས། སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་། ཞེས་གསུངས་པའི་ཕྱིར། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་རང་ཐོག་ཏུ་བབས་པ་ལ་ཡིད་འབྱུང་བ་ནི་ཐམས་ཅད་ལ་ཡོད་ཅིང་། ངན་སོང་གི་སྡུག་བསྔལ་ལྟ་བུ་ལས་ཡིད་འབྱུང་བའི་ཚུལ་ནི་སྐབས་གཞན་དུ་ཤེས་དགོས་སོ། །
༈ འགྱུར་བའི་སྡུག་བསྔལ་ལས་ཡིད་འབྱུང་སྐྱེད་ཚུལ་ནི། མངལ་འཇུག་གི་མདོ་ལས། སྡུག་བསྔལ་དེ་དང་དེ་གཅད་པའི་ཕྱིར། སྡུག་བསྔལ་གསར་བ་གཞན་དང་གཞན་འབྱུང་བ་ལ་བདེ་བའི་འདུ་ཤེས་འབྱུང་སྟེ། ཞེས་གསུངས་པ་ལྟར་ད་ལྟའི་ཚོར་བ་བདེ་བ་ཕལ་ཆེར་ནི་སྡུག་བསྔལ་ཆེ་བ་གཞན་ཞིག་འགག་ཤུལ་དུ་སྡུག་བསྔལ་ཆུང་ངུ་ཞིག་སྐྱེས་པ་ན་སྔ་མ་འགག་པ་ཤེས་ཤིང་། ཕྱི་མ་མི་མངོན་པའི་བར་སྐབས་དེར་བདེ་བའི་སྣང་བ་ཤར་བ་ཙམ་ཡིན་གྱི། ངོ་བོ་ཉིད་ལ་བདེ་བ་མ་ཡིན་ཏེ། དེ་ཡིན་ན་ཡུན་དུ་བསྟེན་པ་ལས་བདེ་བ་འཕེལ་རིགས་པ་ལ། ཚ་བས་གདུངས་པ་བསིལ་བར་བསྡད་པ་ལྟ་བུའི་ཚེ། དང་བོ་བདེ་ཉམས་སྐྱེ་ཡང་རིང་དུ་བསྟེན་ནས་མངོན་ཐུབ་པ་ན་སྔ་མ་ལས་བཟློག་ཏེ། སྡུག་བསྔལ་དུ་མཐོང་བའི་རྟགས་ཀྱིས་ཤེས་པའི་ཕྱིར་ཏེ། བཞི་བརྒྱ་བ་ལས། འཕེལ་བཞིན་པ་ཡི་བདེ་བ་ལ། །ཇི་ལྟར་བཟློག་པ་མཐོང་འགྱུར་བ། །ཞེས་གསུངས་ཤིང་། མདོ་ལས། བདེ་བའི་ཚོར་བ་ནི་སྐྱེ་བ་ན་ཡང་བདེེ། གནས་པ་ན་ཡང་བདེ་སྟེ། ཞིག་པ་ན་སྡུག་བསྔལ་ལོ། །ཞེས་དང་། གང་མི་རྟག་པ་དེ་སྡུག་བསྔལ་ལོ། །ཞེས་སོགས་ཀྱང་འདི་དང་གནད་གཅིག་གོ །འདི་ལ་ཐལ་འགྱུར་བའི་ལུགས་ཀྱི་གནད་ཕྲ་མོ་ཞིག་ཀྱང་ཡོད་ལ། གཞན་གྱིས་རྩོད་ཚུལ་སོགས་ནི་མཛོད་འགྲེལ་དང་། རྒྱལ་སྲས་མར་གསལ་བས། ཞིབ་ཏུ་ཤེས་པར་འདོད་ན་དེར་བལྟའོ། །འོན་ཀྱང་འདི་ཙམ་ལ་ཡིད་འབྱུང་བའི་ཕྱི་རོལ་པ་ཡང་ཡོད་ཅིང་། དེར་ཐར་བ་དོན་གཉེར་མཚན་ཉིད་པ་འདྲེན་མི་ནུས་པས་གཙོ་བོ་མ་ཡིན་ལ། འདུ་བྱེད་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་སྔ་མ་གཉིས་ཀའི་རྩ་བ་དང་ཁྱབ་བྱེད་ཡིན་པས་དེ་ལ་རྩལ་དུ་བཏོན་ནས་སྐྱོ་ཤས་བསྐྱེད་དགོས་ཏེ། དེ་དང་མ་བྲལ་གྱི་བར་དུ་ཚོར་བ་སྡུག་བསྔལ་མངོན་འགྱུར་ད་ལྟ་མེད་པའི་སྐབས་རེ་རེ་ཙམ་བྱུང་ཡང་། ནམ་རྐྱེན་དང་ཕྲད་པ་ན་སྒོ་དུ་མ་ནས་སྡུག་བསྔལ་དྲངས་ཡོང་བ་དཔེར་ན། མི་གསོད་ངེས་བཙོན་དུ་ཚུད་པ་ཞིག་ལ་གནས་སྐབས་ངོ་ཆེན་སོགས་ཀྱིས་ལུས་ལ་ཁྲིམས་ཀྱི་སྡུག་བསྔལ་མ་བྱུང་ཡང་། ཉིན་རེ་ཞིང་འཆི་བ་ལ་ཇེ་ཉེར་འགྲོ་བའི་ཕུགས་བློ་བདེ་བའི་སྐབས་མེད་པ་དང་། ཁུར་ཆེན་པོ་འཁྱེར་དགོས་པ་དེར་མ་ཕྱིན་གྱི་བར་དུ་ངལ་སོས་པ་ན་ཡང་དེ་ཙམ་དུ་བདེ་བ་མི་ཡོང་བ་ལྟ་བུ་ཡིན་ཏེ། བདེ་ལམ་ལས། སྡུག་བསྔལ་རྩ་བ་ནས་སྤངས་པའི་ཐར་བ་ཞིག་མ་ཐོབ་ན། བདེ་བའི་སྐབས་སྐད་ཅིག་ཀྱང་མི་འདུག་སྟེ། དཔེར་ན་མི་ནག་ཅན་ཞེས་སོགས་དང་། ལམ་རིམ་ལས། ཁུར་ཆེན་པོ་འཁྱེར་དགོས་པ་ཁུར་དེ་ཇི་ཙམ་བཀུར་དགོས་པ་དེ་ཙམ་དུ་བདེ་བ་མེད་པ་ཞེས་སོགས་གསུངས་པའི་ཕྱིར། མདོ་ལས། དགེ་སློང་དག་ཁུར་ཡོད་དོ་ཞེས་སོགས་ཀྱང་འདི་ལ་གདམས་ངག་ཏུ་འཁྱེར་ཤེས་དགོས་པས། བདག་ཏུ་ལྟ་བ་གོམས་པའི་རིགས་ཅན་ཁོ་ན་རྗེས་སུ་འཛིན་ཆེད་དུ་གསུངས་པའི་ཆོས་སོ་སྙམ་དུ་བཟུང་བར་མི་བྱའོ། །ཚུལ་དེ་དག་ལ་ལེགས་པར་འདྲིས་པར་བྱས་པ་ན། སྲིད་པའི་དངོས་པོ་མཐའ་དག་ལ་མི་མཐུན་པ་རལ་གྲི་གདེངས་པའི་གཤེད་མ་ལྟ་བུའི་འདུ་ཤེས་འབྱུང་སྟེ། དེ་ནས་རང་ཉིད་དེ་ལས་ཐར་པར་འདོད་པའི་ངེས་འབྱུང་དང་། རང་ཉམས་ལ་དཔགས་ཏེ་གཞན་དེ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་སོགས་ཀྱང་དཀའ་ཚེགས་མེད་པར་འབྱུང་བས། སྡུག་བདེན་སྔོན་དུ་གསུངས་པ་ལ་དགོས་པ་ཁྱད་པར་ཅན་དེ་ལྟ་བུ་ཡོད་དེ། དེ་དག་གིས་གཞི་བསྡུ་བའི་ལུང་གི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །
བདེན་བཞི་སོ་སོའི་ངོ་བོ།
༈ གསུམ་པ་ནི། རང་རྒྱུ་ལས་ཉོན་གྱིས་བསྐྱེད་པའི་ཟག་བཅས་ཀྱིི་དངོས་པོ་དེ་སྡུག་བསྔལ་བདེན་པའི་ངོ་བོ། རང་འབྲས་སྡུག་བདེན་བསྐྱེད་པའི་ལས་ཉོན་ཅི་རིགས་ཀྱིས་བསྡུས་པ་དེ་ཀུན་འབྱུང་བདེན་པའི་ངོ་བོ། རང་ཉིད་ཐོབ་བྱེད་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྒྲིབ་པ་སྤངས་པའི་སོ་སོར་བརྟག་འགོག་དེ་འགོག་བདེན་གྱི་ངོ་བོ། འགོག་བདེན་ཐོབ་བྱེད་ཐབས་དངོས་སམ་དེའི་རྒྱུན་ཅི་རིགས་ཀྱིས་བསྡུས་པའི་འཕགས་ལམ་དེ་ལམ་བདེན་གྱི་ངོ་བོ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། སྡུག་བསྔལ་གྱིི་བདེན་པའི་དོན་གང་ཞེ་ན། སྨྲས་པ། ཉོན་མོངས་པ་ལས་བྱུང་བའི་འདུ་བྱེད་ཀྱི་དོན་ཏོ། །ཀུན་འབྱུང་བདེན་པའི་དོན་གང་ཞེ་ན། སྨྲས་པ། སྡུག་བསྔལ་བདེན་པ་བསྐྱེད་པའི་དོན་ཏོ། །འགོག་པའི་བདེེན་པའི་དོན་གང་ཞེ་ན། སྨྲས་པ། དེ་གཉིས་ཀ་ཉེ་བར་ཞི་བའི་དོན་ཏོ། །ལམ་གྱི་བདེན་པའི་དོན་གང་ཞེ་ན། སྨྲས་པ། དོན་གསུམ་པོ་དག་སྒྲུབ་པའི་དོན་ཏོ། །ཞེས་གསུངས་པའི་ཕྱིར། གྲ་ཆུང་བ་སོགས་མཁས་པ་ཁ་ཅིག ཀུན་ལས་བཏུས་སུ། སྡུག་བསྔལ་སྤྱིའི་མཚན་ཉིད་གང་ཞེ་ན། མི་རྟག་པ་ཉིད་ཀྱི་མཚན་ཉིད་དང་། ཞེས་སོགས་ཀྱི་དོན་དུ་བསམས་ཏེ། མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞིའི་ཚོགས་དོན་སྡུག་བསྔལ་བདེན་པའི་མཚན་ཉིད། ཞེས་སོགས་སུ་སྨྲ་བ་ཡང་འཐད་པར་མ་མཐོང་སྟེ། གཞི་གཅིག་བྱ་བྱེད་ལས་གསུམ་གྱི་སྒོ་ནས་མཚོན་ཚུལ་སྣ་ཚོགས་ཡོད་པ་ལ། གཞུང་ཆེན་མོ་རྣམས་སུ་མཚན་ཉིད་ཀྱི་སྒྲས་གསུངས་པ་ཤེས་མཚན་ཁྱད་མཚན་ལྟ་བུ་མང་དུ་ཡོད་པས། དེ་ཐམས་ཅད་རྣམ་པར་བཞག་འཇོག་གི་མཚན་མཚོན་དངོས་གནས་པར་མི་རུང་པར་གསེར་ཕྲེང་ལས་གསུངས་པའི་ཕྱིར་དང་། མཚན་ཉིད་དངོས་ཀྱིས་རང་གི་མཚོན་བྱ་མཚོན་ཚུལ་ནི། རྣམ་འགྲེལ་ལས། གཟུང་དང་འཛིན་པའི་རྣམ་པ་ལས། །མཚན་ཉིད་གཞན་ནི་ཡོད་མ་ཡིན། །ཞེས་དང་། ངོ་བོ་ཉིད་མེད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ལས། མཚན་ཉིིད་འདི་ནི་ལས་ལྟ་བུ་ཡིན་ལ། མཚོན་བྱ་ནི་བྱེད་པ་ལྟ་བུ་ཡིན་ཏེ། ཞེས་གསུངས་པ་ལྟར། མཚན་ཉིད་སྔོན་དུ་ངེས་པའི་དབང་གིས་འཛིན་པ་རང་ལ་ཉེ་བའི་རྣམ་པ་དང་སྔོན་ནས་གནས་པ་ལྟར་སྣང་བས་རྫས་ཡོད་དང་དོན་དུ་བཤད་ཅིང་། མཚོན་བྱ་དེས་རྗེས་སུ་རྟོགས་པའི་དབང་གིས་ཕྱིས་གསར་སྒྲུབ་དང་སྔ་མ་ལ་ལྟོས་ཏེ་བློ་ལ་རིང་བ་གཟུང་བའི་ཕྱོགས་སུ་ཆད་པ་ལྟར་སྣང་བས་བཏགས་ཡོད་དང་ཐ་སྙད་དུ་བཤད་ལ། དེ་ལྟར་དོན་སྔར་ཡོད་དང་ཕྱིས་ཀྱི་ཐ་སྙད་སྦྱོར་བར་སྣང་བའི་སྣང་ཆ་ཙམ་གྱིི་སྒོ་ནས་མཚན་མཚོན་གྱི་འབྲེལ་བ་བཞག་པ་གང་ཞིག དེ་གཉིས་རྟོགས་རིམ་དེ་ལྟ་མིན་ན་བློ་ལ་ཉེ་རིང་གི་ཁྱད་པར་མི་རུང་ཞིང་། དེ་མེད་ན་རྫས་བཏགས་ཀྱང་མི་འགྲུབ་ལ། དེའི་དོན་དང་ཐ་སྙད་ཀྱི་ཁྱད་པར་ཀྱང་ཉམས་པར་འགྱུར་བའི་ཕྱིར། ཐར་ལམ་གསལ་བྱེད་ལས། མཚན་ཉིད་ཀྱིིས་མཚོན་བྱ་མཚོན་པའི་ཚེ། མཚོན་བྱ་ལས་སུ་བྱ་བ་གཟུང་བྱའི་ཕྱོགས་སུ་ཆད་པ་དང་། མཚན་ཉིད་ལས་སུ་བྱ་བ་དེ་འཇོག་པར་བྱེད་པའི་འཛིན་པའི་ཕྱོགས་སུ་ཆད་པ་ལྟར་སྣང་བ་ལས་མ་གཏོགས་པའི་མཚན་ཉིད་ཀྱིས་མཚོན་བྱ་བློ་ཡུལ་དུ་མཚོན་མི་ཤེས་ལ། ཞེས་སོ། །ཡང་མཁས་པ་ཁ་ཅིག སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་ཀྱིས་ཀྱང་རིགས་པར་བྱའོ། །ཞེས་པ་ཁུངས་སུ་བྱས་ནས་ལས་ཉོན་གྱི་དབང་གིས་སྐྱེ་བ་བླངས་པའི་གང་ཟག་རྣམས་ཀྱང་སྡུག་བདེན་དུ་འདོད་ཅིང་། སྡུག་བསྔལ་འཁོར་བ་ཅན་ཕུང་བོ་ཞེས་པའི་དོན་དུ་བསམས་ནས་སྡུག་བདེན་ལ་འཁོར་བས་ཁྱབ་པར་ཡང་འདོད་དོ། །ཤེས་བྱེད་སྔ་མ་ལས་དེའི་དོན་བསྡུ་བར། སེམས་ཅན་གྱི་འཇིག་རྟེན་གང་ཡིན་པ་དང་། སྣོད་ཀྱི་འཇིག་རྟེན་གང་ཡིན་པ་ལས་དང་ཉོན་མོངས་པས་བསྐྱེད་པ། ལས་དང་ཉོན་མོངས་པ་ལས་བྱུང་བ་འདི་མཐའ་དག་ནི་སྡུག་བསྔལ་གྱི་བདེན་པའོ། །ཞེས་པ་དྲངས་ན་གསལ་བ་ལྟར་སྣང་ཡང་། དགོངས་པ་དེ་ལྟར་མ་ཡིན་གྱི། ཉོན་མོངས་གསུམ་ལས་སྐྱེ་བའི་ཀུན་ཉོན་སྡུག་བདེན་དང་། ལྷག་མ་གཉིས་ཀུན་འབྱུང་དུ་སྟོན་པ་ཡིན་ཏེ། བསྡུ་བ་ལས། མདོར་བསྡུ་ན་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཇི་སྐད་བསྟན་པ་ནི་སྡུག་བསྔལ་གྱི་བདེན་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། དེའི་དགོས་པ་ཡང་། རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པ། །ཞེས་གསུངས་པ་ལྟར། སྐྱེ་བའི་ཀུན་ཉོན་ལ་བརྟེན་ནས་ཉོན་མོངས་དང་ལས་གསོག་ཅིང་། དེས་ཡང་སྐྱེ་བ་གཞན་འགྲུབ་པས། ཟོ་ཆུན་གྱི་འཁྱུད་མོ་བཞིན་དུ་འཁོར་ཏེ་རྒྱས་པར་ཕྱེ་ན། མཛོད་ལས། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན། ཞེས་གསུངས་པ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་ཚུལ་ཞར་ལ་བསྟན་པས་ཡིད་འབྱུང་སྐྱེ་ཆེད་ཡིན་ཏེ། དེ་ལྟར་ན་མངོན་པ་གོང་འོག་གཉིས་ཀའི་སྐབས་འདིར། ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བ། སྐྱེ་གནས་བཞིར་དབྱེ་བ་སོགས་སེམས་ཅན་གྱི་རིས་དུ་མ་ཞིག་གསུངས་པ་རྣམས་ཀྱང་། ལས་ཉོན་གྱིས་མཚམས་སྦྱར་ཕྱིན། སྐྱེ་བ་མཆོག་དམན་ཅི་འདྲ་ཞིག་བླངས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་སོ། །ཞེས་གོ་བའི་ཆེད་དུ། དེ་དག་གི་སྐྱེ་བ་སྡུག་བསྔལ་བདེན་པའི་དབྱེ་བར་བསྟན་པ་ཡིན་ལ། ཁྱད་ཆོས་ཡན་འགར་བ་སྟོན་ཚུལ་མེད་པས་གང་ཟག་རྣམས་ནི་དེའི་ཁྱད་གཞིར་བཟུང་བ་ཡིན་གྱི་སྡུག་བདེན་དངོས་སུ་བཤད་པ་མ་ཡིན་ནོ། །དེ་ལྟ་བུའི་འཁོར་བའི་སྐྱེ་བ་དེ་ནི་སྡུག་བདེན་གྱི་ཡང་གཙོ་བོ་ཡིན་པས་རྣམ་འགྲེལ་གྱི་ལུང་དོན་ཡང་དེ་ལྟར་འགྲེལ་དགོས་ཀྱི། སྡུག་བདེན་ལ་འཁོར་བས་ཁྱབ་པའི་དོན་དུ་མི་བཟུང་ངོ་། །
གྲུབ་མཐའི་འདོད་ཚུལ།
༈ བཞི་བ་ལ། གྲུབ་མཐའ་གོང་འོག་དང་ནང་གསེས་ཀྱིི་འདོད་ཚུལ་མི་འདྲ་བའི་ཁྱད་པར་དུ་མ་ཡོད་དེ། བྱེ་སྨྲས་སྡུག་ཀུན་གཉིས་དོན་གཅིག་ཏུ་འདོད་ཅིང་། མདོ་སྡེ་བས་ཀུན་འབྱུང་ལ་སྲེད་པས་ཁྱབ་པར་འདོད་ལ། གཉིས་ཀས་ཀྱང་སྡུག་ཀུན་ཕྲ་རགས་ཀྱི་དབྱེ་བ་མི་འདོད། གྲུབ་མཐའ་གོང་མས་སྡུག་ཀུན་ཕྲ་རགས་འདོད་ཀྱང་འཇོག་ཚུལ་མི་འདྲ་བ་ཡོད་པའི་ཕྱིར། དང་བོ་གྲུབ་སྟེ། མཛོད་ལས། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཞེས་གསུངས་པའི་ཕྱིར། འདི་སྒྲས་བརྗོད་ཙམ་གྱིས་རྣམ་གྲངས་སུ་འདོད་པའང་རིགས་པ་མ་ཡིན་ཏེ། མཛོད་འགྲེལ་གནས་དྲུག་པར། འདི་གཉིས་ནི་རྒྱུ་དང་འབྲས་བུར་གྱུར་པའི་མིང་གི་བྱེ་བྲག་ཡོད་ཀྱི། རྫས་སུ་ནི་མ་ཡིན་ནོ། །ཞེས་དང་། རྒྱལ་སྲས་མ་ལས། དེ་གཉིས་ཉེ་བར་ལེན་པའི་ཕུང་བོ་ལྔའི་མཚན་ཉིད་དུ་ཁྱད་པར་མེད་པའི་ཕྱིར་དམིགས་པ་ལས་ནི་མ་ཡིན་ཏེ། ཞེས་ཤེས་བཅུའི་ནང་ནས་སྡུག་ཀུན་ཤེས་པ་གཉིས་རྣམ་པ་ཁོ་ནས་འབྱེད་དགོས་ཀྱི་དམིགས་ཡུལ་ཁྱད་པར་མེད་པར་གསུངས་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། མདོ་ལས། ཀུན་འབྱུང་གི་བདེན་པ་གང་ཞེ་ན། གང་འདི་དགའ་བའི་འདོད་ཆགས་དང་ལྷན་ཅིག་པའི་སྲེད་པ་སྟེ། དེ་དང་དེ་ལ་མངོན་པར་དགའ་བ་ཅན་ཡིན་ནོ། །ཞེས་པའི་ལུང་ལ་བརྟེན་ནས་མདོ་སྡེ་བ་རྣམས་ཀུན་འབྱུང་སྲེད་པར་འདོད་ཀྱང་། བྱེ་སྨྲ་སོགས་གཞན་དག་གིས་དེ་ལྟར་མི་འདོད་དེ། སྐྱེ་མཆེད་དྲུག་གི་ཚོགས་ཀྱི་མདོ་ལས། ལས་དང་སྲེད་པ་དང་ནི་མ་རིག་པ། །ཕྱི་མའི་ཚེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ། །ཞེས་སོགས་ཀྱི་སྒོ་ནས་སྔ་མའི་ཁྱབ་མཐའ་བཟུང་བ་བཀག་ནས་རང་ལུགས་མངོན་པར་འགྲུབ་པའི་རྒྱུའི་དབང་དུ་བྱས་པ་དང་། གཙོ་བོའི་དབང་དུ་བྱས་པར་འདོད་དེ། མཛོད་འགྲེལ་ལས། མངོན་པར་འགྲུབ་པའི་རྒྱུ་བཀའ་སྩལ་པ་ན་ནི། ཞེས་སོགས་དང་། རྣམ་འགྲེལ་ལས། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང་། །ཞེས་སོགས་དང་། ཀུན་བཏུས་ལས། གཙོ་བོའི་དོན་གང་ཞེ་ན། གང་ཐམས་ཅད་དུ་འགྲོ་བའི་དོན་ཏོ། །ཞེས་སོགས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཆོས་མངོན་པའི་མདོ་ལས་གསུངས་པའི་བདེན་བཞི་ཁྱད་ཆོས་བཅུ་དྲུག་དང་བཅས་པ་དེ་ལས་གཞན་དུ་བདེན་པའི་རྣམ་པ་མི་སྲིད་ལ། གལ་ཏེ་བཤད་ནའང་གསེར་གྱི་སྣོད་དུ་གསེར་ཁབ་ཀྱིས་གྲོག་མ་བསད་པས་ཐར་བར་བཤད་པ་བཞིན་དུ་ཡིད་རྟོན་མི་རུང་བར་འདོད་ཅིང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་བདེན་བཞི་རགས་པ་ཙམ་ལས་མ་བསྟན་པའི་ཕྱིར། རིམ་བཞིན། མཛོད་ལས། དྲི་མེད་བཅུ་དྲུག་གཞན་རྣམས་མེད། །ཅེས་དང་། དབུ་མ་སྙིང་བོར། བདེན་པ་མཐོང་བ་དེ་ཉིད་མིན།། དེ་ཉིད་མེད་པར་ཐལ་བར་འགྱུར། །ནམ་མཁའི་ལྷ་ཡིས་བསྟན་པ་ལྟར། །དེ་ཉིད་ཡིན་པར་མི་འདོད་དོ། །ཞེས་དང་། སྤྱོད་འཇུག་ལས་ཀྱང་། རྣལ་འབྱོར་ཀུན་རྫོབ་གཉིས་པ་མེད། །འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་། །ཞེས་དང་།རྩ་ཤེ་ལས་ཀྱང་། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་གྲུབ་སྟེ། རྒྱུད་བླ་མར། ཡིད་ཀྱི་རང་བཞིན་ཕུང་བོ་དང་། །དེ་རྒྱུ་ལོག་ཕྱིར་བདེ་བ་ཉིད། །ཅེས་དང་། བསྡུ་བ་ལས། ཟག་པ་དང་བཅས་པའི་གནས་ངན་ལེན་དེ་ནི། ནས། དེ་བཞིན་གཤེགས་པ་ཉག་ཅིག་གིས་སྤངས་པ་ཡིན་ཏེ། ཞེས་འབྱུང་བས་རྣམ་གྲངས་ཙམ་ཞིག་ཀུན་གྱིས་འདོད་དགོས་ཀྱང་། གཞན་དག་གིས་སྡུག་ཀུན་ཕྲ་མོ་གཉིས་སྡུག་བདེན་དང་ཀུན་འབྱུང་དངོས་སུ་མི་འདོད་ལ། ཐལ་འགྱུར་བས་ནི་དངོས་ཡིན་པར་མ་ཟད་གཙོ་བོར་འདོད་དེ། སྟོང་ཉིད་བདུན་ཅུ་བ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་སོགས་ཀྱི་སྒོ་ནས་ཐོག་མའི་མ་རིག་པ་གཙོ་བོར་བདེེན་འཛིན་དུ་སྒྲུབ་ཅིང་། དེས་ཐམས་ཅད་འགྲུབ་པས་སོ། །འགོག་ལམ་ལ་ཡང་འདོད་ཚུལ་སྣ་ཚོགས་ཡོད་དེ། བྱེ་སྨྲ་རྣམས་ཧ་ཅང་བཏགས་དོན་ཚོལ་ཆེ་བས། དགག་བྱ་དང་བྲལ་ཙམ་གྱི་དངོས་པོ་ཞིག་འཇོག་མ་ཐུབ་པར་འགོག་བདེན་ལ་ཡང་དེའི་ཤུལ་དུ་སྤང་བྱ་བཀག་པའི་ནུས་པའི་རྫས་ཞིག་བསྒྲུབ་ཏུ་ཡོད་པས་མ་ཡིན་དགག་ཏུ་འདོད་ལ། དེའི་ཕྱིར་འདི་བས་སེལ་བ་ཡང་མི་འདོད་པར་རྣམ་འགྲེལ་ཊཱིཀ་ཆེན་ལས་གསུངས་ཤིང་། མདོ་སྡེ་བས་མེད་དགག་ཏུ་འདོད་དེ། རྩོད་ཚུལ་ཞིབ་པར་ནི་མཛོད་འགྲེལ་གནས་གཉིས་པ་ལས་ཤེས་པར་བྱའོ། །དེ་སྐད་དུ་ཡང་། སྤྱན་རས་གཟིགས་བརྟུལ་ཞུགས་ལས། རྫས་སུ་ཡོད་པར་སྨྲ་བ་ནི། དངོས་པོ་ཡིན་པར་སྨྲ་བ་སྟེ། གྲངས་ཅན་དང་། བྱེ་བྲག་པ་དང་། བྱེ་བྲག་ཏུ་སྨྲ་བ་དང་། རྣལ་འབྱོར་སྤྱོད་པ་ལ་སོགས་པ་དག་གོ །རྫས་སུ་ཡོད་པ་མ་ཡིན་པར་སྨྲ་བ་ནི། དངོས་པོ་མེད་པ་ཡིན་པར་སྨྲ་བ་སྟེ། གོས་དམར་སྡེ་དང་། མདོ་སྡེ་བ་དང་། འཇིག་རྟེན་རྒྱང་ཕན་ལ་སོགས་པ་དག་གོ །ཞེས་བཤད་པས་ཐ་མ་ནི་ཡེ་མེད་ཀྱི་དབང་དུ་བྱས་ལ། སྔ་མ་རྣམས་དངོས་དང་རང་རང་གིས་སྒྲོ་བཏགས་ཅི་རིགས་ཡིན་པས་གཞན་རྣམས་རྟོགས་སླ་ཞིང་། སེམས་ཙམ་པའི་ལུགས་བཀོད་པ་ནི་དཔྱད་གཞི་ཆེ་སྟེེ་འདི་བས་འགོག་བདེན་ལ་དེ་བཞིན་ཉིད་འདོད་ཚུལ་ནི། གསེར་འཕྲེང་ལས། སེམས་ཀྱི་རང་བཞིན་དྲི་བྲལ་དུ་གནས་གྱུར་པའང་འགོག་བདེན་དུ་འདོད་དགོས་སོ། །ཞེས་གསུངས་པ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ་ནམ་མཁའ་ལྟ་བུ་དེ་ཉིད་སོ་སྐྱེ་ལ་ཡོད་ཀྱང་། དྲི་མའི་སྤྲིན་གྱིས་བསྒྲིབས་པས་འགོག་བདེན་དུ་མི་འཇོག་ལ། ནམ་ཞིག་ན་སྤྲིན་ནམ་མཁའི་དབྱིངས་སུ་ཟད་པ་ལྟར། དྲི་མ་གློ་བུར་བ་རྣམས་དེའི་ངོ་བོར་ཟད་པ་ན་རང་བཞིན་འོད་གསལ་བ་དེ་ཉིད་འགོག་བདེེན་དུ་འགྱུར་བར་འདོད་པས། ཐོག་མར་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་ཅི་ཞིག་ཡིན་ཤེས་དགོས་ལ། དེ་ཡང་། ཤཱཀྱ་བློས། བྱང་སེམས་ཆོས་བདག་མེད་དུ་མཁྱེན་པས་ནི་གཉིས་ཀྱིས་སྟོང་བའི་རང་རིག་པ་ཁོ་ན་མཁྱེན་ནོ། །ཞེས་གསུངས་ཤིང་། དེའི་དགོངས་པར་མཛད་དེ། རྣམ་འགྲེལ་ཊཱིཀ་ཆེན་ལས་ཀྱང་། སེམས་ཀྱི་རང་བཞིན་འོད་གསལ་ཞེས་བརྗོད་པ་གང་ཡིན་པ་ཤེས་པ་རྣམས་ཀྱི་མྱོང་བ་གསལ་རིག་གི་ཆ། ཞེས་པ་ནས། འདི་དང་ཤེས་པའི་འཛིན་རྣམ་ལ་ཁྱད་པར་མེད་དོ། །ཞེས་དང་། ཡོངས་གྲུབ་ཀྱི་མཚན་ཉིད་རང་གིས་མྱོང་བྱར་གྱུར་པའི་ཤེས་པའི་གནས་ལུགས་གང་ཞིག གཉིས་སྣང་དང་བྲལ་བའི་གསལ་རིག་ཅེས་ཤེས་པར་བྱའོ། །ཞེས་གསུངས་ཏེ། ལུགས་འདིས་ཡེ་ཤེས་དེ་རང་རིག་ཏུ་བཞེད་པས་ཞེས་སོགས་ཀྱི་དགོངས་པ་དང་འབྲེལ་ཆེ་ཞིང་འདི་བའི་ལུགས་ཀྱི་ཕྲ་ས་ཡིན་ལ་སྔ་མ་མང་བོས་ཀྱང་རྣམ་རིག་པས་གཉིས་མེད་ཀྱི་ཤེས་པ་དེ་བཞིན་ཉིད་དུ་འདོད་པར་བཤད་དེ། སྤྱི་ལ་དེ་ལྟར་བཤད་པས་བྱེ་བྲག་འགོག་བདེན་ཡང་གྲུབ་པ་ཡིན་ནོ། །ཁྱད་པར་དུ་འཐད་ལྡན་ལས་ཀྱང་། ངེས་པར་ལེགས་པའི་རང་བཞིན་དུ་གྱུར་པའི་སེམས་ནི་འགོག་པའོ། །ཞེས་འབྱུང་སྟེ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཀྱང་དེ་ལྟ་བུ་ཞིག་ལ་བརྟེན་ནམ་སྙམ་མོ། །འོན་ཀྱང་ལུང་དེའི་དོན་ནི། རྣམ་ངེས་དར་ཊཱིཀ་ལས། སེམས་རྒྱུད་ཀྱི་སྟེང་ན་ཡོད་པའི་ངེས་ལེགས་ཀྱི་རང་བཞིན་གློ་བུར་དྲི་བྲལ་དེ་ཉིད་འགོག་བདེན་དུ་འདོད་པས། གློ་བུར་དྲི་བྲལ་གྱི་ཁྱད་གཞི་ངོས་འཛིན་པ་ཡིན་གྱི། སེམས་འགོག་བདེན་གྱི་མཚན་གཞིར་སྟོན་པ་མིན་ནོ། །ཞེས་གསུངས་པ་ལྟར་བྱ་དགོས་ཏེ། བསྡུ་བ་ལས། འགོག་པའི་བདེན་པ་དང་། ཕུང་བོ་རྣམས་ནི་གཅིག་གིས་གཅིག་མ་བསྡུས་ཏེ། འགོག་པ་ནི་དེ་དག་ཉེ་བར་ཞི་བའི་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཞེས་དང་། དོན་དམ་བདེན་པ་མཚན་ཉིད་ལྔ་ལྡན་དུ་གསུངས་པ་སོགས་གྲུབ་མཐའ་འདིའི་རྩ་བར་གྱུར་པ་མཐའ་དག་གིས་འགྲུབ་པས་སོ། །ལམ་ལ་ཡང་བྱེ་སྨྲས་འཕགས་རྒྱུད་ཀྱི་ལམ་ལ་འཕགས་ལམ་གྱིས་མ་ཁྱབ་པར་འདོད་པ་སོགས་འདྲ་མིན་ཅུང་ཟད་ཡོད་ཀྱང་དཔྱད་གཞི་ཧ་ཅང་མི་ཆེ་བས་མ་སྤྲོས་སོ། །དེར་མ་ཟད་འཕགས་པའི་བདེན་པའི་སྒྲ་དོན་ཡང་མི་མཚུངས་ཏེ། ཉན་ས་ལས། འཕགས་པ་རྣམས་ཀྱིས་བདེན་པ་དེ་དག་དེ་ཁོ་ན་ལྟར་ཡིན་པར་བདེན་པའི་སྒོམ་པ་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཅིང་གཟིགས་ཀྱི། ཞེས་སོགས་དང་། མཛོད་འགྲེལ་ལས། གཞན་གྱིས་བདེ་བར་གང་བཟུང་བ། །དེ་ནི་འཕགས་པས་སྡུག་བསྔལ་རིག། ཅེས་པ་ལྟར་འཕགས་པ་རྣམས་ཀྱིས་གཟིགས་པ་ཁོ་ན་དོན་དང་མཐུན་པའི་དེ་ལ་བདེན་པ་ཡིན་གྱི། བྱིས་པ་རྣམས་ལ་བློ་དོན་གཉིས་མ་མཐུན་པས་བདེན་པར་མི་འཇོག་ཅེས་འོག་མ་རྣམས་ཀྱིས་འདོད་ཀྱང་དཔལ་ལྡན་ཟླ་བས་ནི་རགས་པའི་ཐ་སྙད་ཀྱང་འོག་མ་དང་སྒོ་བསྟུན་པར་མི་མཛད་པས། དེ་ལས་གཞན་དུ་འཆད་དེ། རིགས་པ་དྲུག་ཅུ་བའི་འགྲེལ་བ་ལས། དེ་ནི་འཕགས་པ་རྣམས་ཁོ་ནས་ནི་མ་ཡིན་ཏེ། ཞེས་སོགས་ཀྱིས་འཕགས་པ་ཞེས་པ་གང་ཟག་ལ་མ་སྦྱར་བར་རང་ཉིད་དོན་དང་མཐུན་པར་གནས་པ་ཞེས་བཤད་ཚུལ་གཅིག་དང་། གང་ལ་དམིགས་ནས་གོམས་པས་འཕགས་པར་བྱེད་པ་ཞེས་བཤད་ཚུལ་གཅིག་དང་། གང་ཟག་ལ་སྦྱར་ཡང་འཕགས་པས་བསྟན་པའི་བདེན་པ་ཞེས་བཤད་ཚུལ་གཅིག་དང་གསུམ་མཛད་དེ། འཕགས་པ་ཆོས་ཀུན་འགྲོ་བའི་མདོའི་དགོངས་པའོ། །
ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་གི་དངོས་ཀྱི་དོན།
༈ གཉིས་པ། ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་གི་རྣམ་བཞག་ལ་གཉིས། དངོས་ཀྱི་དོན་དང་། དེ་དག་སྐྱེ་བའི་རིམ་པའོ། །དང་བོ་ནི། འདིར་ཁྱད་ཆོས་བདེན་པའི་རྣམ་པ་དེ་ལ་བཅུ་དྲུག་ཏུ་བཞག་སྟེ། བསལ་བྱ་ལོག་ཞུགས་ལ་བཅུ་དྲུག་ཡོད་པས་དེའི་དབང་དུ་བྱས་པས་སོ། །དེ་ཡང་སྡུག་བསྔལ་ལ་གཙང་བདེ་རྟག་བདག་ཏུ་འཛིན་པ་བཞི་དང་། ཀུན་འབྱུང་ལ་རྒྱང་འཕེན་ལྟ་བུ་སྡུག་བསྔལ་རྒྱུ་མེད་དུ་འཛིན་པ་དང། གསལ་བྱེད་པས་དུས་རྟག་པ་ལྟ་བུར་རྒྱུ་གཅིག་ཁོ་ནར་འཛིན་པ་དང་། རིག་བྱེད་པས་སྒྲའི་ཚངས་པ་དང་། གྲངས་ཅན་པས་གཙོ་བོའི་རྣམ་འགྱུར་ལྟ་བུ་རང་བཞིན་རྟག་ལ་གནས་སྐབས་འགྱུར་བར་འཛིན་པ་དང་། རིག་པ་ཅན་པ་དང་བྱེ་བྲག་པ་ལྟར་དབང་ཕྱུག་གིས་བློ་སྔར་བཏང་བ་ཙམ་ལས་སྐྱེ་བས་དེའི་གཡོ་བ་ལས་བྱུང་བར་འཛིན་པ་དང་བཞི་སྟེ། ཕྱི་མ་གསུམ་ནི་མི་མཐུན་པ་རྒྱུར་འཛིན་པ་ཡིན་ལ། དེ་དག་དེ་ལྟར་སྦྱོར་དགོས་པ་ནི། ས་ལུ་ལྗང་བའི་མདོ་ཚིག་གསལ་དུ་དྲངས་པ་ལས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། ཕྲ་རབ་ལས་མ་བྱུང་། རང་བཞིན་ལས་མ་བྱུང་། ངོ་བོ་ཉིད་ལས་མ་བྱུང་། རྒྱུ་མེད་པ་ལས་མ་སྐྱེས། ཞེས་སོགས་ཀྱིས་ཀྱང་འགྲུབ་ལ། བྱེ་སྨྲའི་ལུགས་ནི། མཛོད་ལས། དབང་ཕྱུག་སོགས་རྒྱུར་མངོན་ཞེན་པ། །ཞེས་སོགས་གསུངས་པས་ཞིབ་ཆ་དགོས་སོ། །
༈ འགོག་པ་ལ། རྒྱང་འཕེན་ལྟ་བུ་ཐར་བ་གཏན་མེད་དུ་འཛིན་པ་དང་། ཟད་བྱེད་པ་སྟེང་ཕྱོགས་ན་གདུགས་དཀར་པོ་ཁ་གྱེན་བསླང་ལྟ་བུའི་ཐར་བ་ཡོད་པར་ལྟ་བ་ལྟ་བུ་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ཐར་བར་འཛིན་པ་དང་། གྲངས་ཅན་གྱིས་གྲོལ་བའི་བདག་ལྟ་བུ་གྱ་ནོམ་པའི་ཐར་པར་འཛིན་པ་དང་། རེ་ཞིག་ཐར་ཡང་སླར་མི་ལྡོག་པའི་ཆོས་ཅན་གྱི་ཐར་བ་གཏན་ཏུ་བ་མེད་པར་འཛིན་པ་དང་བཞི་སྟེ། བཤེས་སྤྲིངས་ལས་ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་པའང་དེ་དག་གི་དོན་དུ་རེད་མདའ་བའི་ཊཱིཀྐར་གསུངས་སོ། །
༈ ལམ་ལ་ཡང་ཐར་ལམ་གཏན་མེད་དུ་འཛིན་པ་དང་། བདག་མེད་རྟོགས་པའི་ཤེས་རབ་འདི་ལམ་ངན་པའོ་སྙམ་དུ་འཛིན་པ་དང་། དབང་ཕྱུག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་མེ་ལྔ་བསྟེན་པ་སོགས་འདི་ལས་ལྷག་པའི་ལམ་ཡོད་པར་འཛིན་པ་དང་། འདིས་སྡུག་བསྔལ་གཏན་ཟད་དུ་བྱེད་མི་ནུས་པར་འཛིན་པ་དང་བཞིའོ། །
༈ འོ་ན་འདི་དག་གཉེན་པོ་བཅུ་དྲུག་དང་སྦྱོར་ཚུལ་ཡང་གྲངས་འདི་ཁོ་ན་ལྟར་ཡིན་ནམ་ཞེ་ན། ཕྱི་མ་བཅུ་གཉིས་དེ་ལྟར་ཡིན་ཀྱང་དང་བོ་བཞི་ནི་མ་ཡིན་ནོ། །ཁ་ཅིག་སྟོང་བའི་རྣམ་པ་སྔོན་དུ་བཏོན་ཏེ་གཙང་བའི་བདག་དོན་གཞན་གྱིས་སྟོང་བའི་ཕྱིར། ཞེས་བཀོད་པ་ནི་ལུང་མ་བསྟན་ཡིན་ན་ལེགས་ཀྱི། གཙང་བར་འཛིན་པ་དང་། སྟོང་བའི་རྣམ་པ་གཉིས་སྦྱོར་དགོས་པར་འདོད་ན་མི་རིགས་ཏེ། བསྡུ་བ་ལས། དེ་ལ་རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཅིག་གི་གཉེན་པོའོ། །རྣམ་པ་གཅིག་ནི་ཕྱིན་ཅི་ལོག་གཉིས་ཀྱི་གཉེན་པོའོ། །རྣམ་པ་ཐ་མ་གཉིས་ནི་ཕྱིན་ཅི་ལོག་ཐ་མ་གཅིག་གི་གཉེན་པོ་ཡིན་ནོ། །ཞེས་དང་། མཁས་གྲུབ་རྟོགས་དཀའི་སྣང་བ་ལས། རྟག་པར་འཛིན་པའི་གཉེན་པོ་མི་རྟག་པ་དང་། གཙང་བ་དང་བདེ་བར་འཛིན་པའི་གཉེན་པོ་སྡུག་བསྔལ་དང་། བདག་ཏུ་འཛིན་པའི་གཉེན་པོར་རྣམ་པ་ལྷག་མ་གཉིས་བསྟན་ནོ། །ཞེས་གསུངས་ཤིང་། རེད་མདའ་བའི་ཀུན་བཏུས་ཊཱིཀྐར་ཡང་། གཙང་བ་དང་བདེ་བའི་གཉེན་པོ་ནི་སྡུག་བསྔལ་གྱི་རྣམ་པ་གཅིག་སྟེ། གཙང་བ་དང་བདེ་བ་ནི་ཡིད་དུ་འོང་བའི་རྣམ་པར་ཞུགས་པ་ཡིན་ལ། སྡུག་བསྔལ་ནི་དེ་དང་འགལ་བ་ཡིད་སུན་འབྱིན་པའི་རྣམ་པར་ཞུགས་པའི་ཕྱིར་ཞེས་གསུངས་པའི་ཕྱིར་རོ། །ཡང་བློ་གསལ་བར་རློམ་པ་འགའ་ཞིག་གིས་འགོག་པའི་སྟེང་གི་ལོག་ཞུགས་ཐ་མ་ལ། གསེར་འཕྲེང་ལས། ཐར་བ་གཏན་མི་ལྡོག་པ་མིན་ནོ་སྙམ་དུ་ལྟ་བ། ཞེས་གསུངས་པས་ལོག་ཞུགས་འདི་བྱེ་སྨྲ་ལ་ཡང་བཞག་དགོས་ཏེ། དེས་དགྲ་བཅོོམ་ཉམས་པ་ཁས་ལེན་པའི་ཕྱིར་ཞེས་སྨྲ་བ་ནི་རྣམ་པར་མ་བརྟགས་པ་སྟེ། དེས་འདོད་པའི་ཚུལ་ནི་ལམ་བསྒོམ་སྟོབས་ཀྱིས་རེ་ཞིག་ཐར་ཡང་། སླར་ཉམས་པ་ནི་ལམ་ལ་མ་ཞུགས་པའི་གནས་སྐབས་དང་ཁྱད་མེད་དུ་སོང་ནས་ཕྱིར་ཡང་འཁོར་བར་འཁྱམས་པར་འདོད་པ་ཡིན་ལ། བྱེ་སྨྲའི་ལུགས་ནི་འདི་འདྲ་གཏན་མ་ཡིན་པའི་ཕྱིར་ཏེ། མཛོད་ལས། འབྲས་ལས་ཉམས་པ་འཆི་བ་མེད། །བྱ་བ་མ་ཡིན་དེ་མི་བྱེད། །ཅེས་དང་། གང་སྤེལ་ལས། དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ཡང་སྐྱེ་བར་འགྱུར་ན། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །ཞེས་བྱ་བ་འདི་ལ་ཡིད་བརྟན་དུ་མི་རུང་བར་འགྱུར་རོ། །ཞེས་སོགས་གསུངས་ཤིང་། དེར་མ་ཟད་གྲུབ་མཐའ་གོང་མས་ཐེག་དམན་དགྲ་བཅོམ་གྱིས་ཡིད་ལུས་བླངས་ཏེ་རྫོགས་བྱང་སྒྲུབ་པར་འདོད་པ་ཡང་ཉན་རང་གི་མྱང་འདས་ལ་སྐུར་འདེབས་སུ་བཤད་པ་སོགས་ཕྱག་རྒྱ་བཞི་དང་འགལ་བའི་སྐྱོན་བརྗོད་ཚུལ་རྟོག་གེ་འབར་བ་ལས་བྱུང་བས་སོ། །གཞན་རྣམས་གོ་སླ་བས་མ་སྤྲོས། །
༈ ད་ནི་དེ་དག་ཁྱད་ཆོས་སོ་སོས་འགོག་ཚུལ་ཇི་ལྟ་བུ་ཡིན་ཞེ་ན་བཞི་ལས། དང་བོ་ནི། ཉེར་ལེན་གྱི་ཕུང་བོ་ལྔ་ཆོས་ཅན། མི་རྟག་སྟེ། རེས་འགའ་སྐྱེ་བའི་ཕྱིར། སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། སྟོང་བ་ཡིན་ཏེ། བྱིན་གྱིས་རློབ་པ་པོའི་བདག་དོན་གཞན་གྱིས་དབེན་པའི་ཕྱིར། བདག་མེད་པ་ཡིན་ཏེ། མི་རྟག་དུ་མ་གཞན་དབང་ཅན་ཡིན་པའི་ཕྱིར། དེ་དག་སྟོན་པར་རྣམ་འགྲེལ་ལས། དེ་ནི་རེས་འགའ་དམིགས་པའི་ཕྱིར། །མི་རྟག་ཉེས་པའི་རྟེན་ཕྱིར་དང་། །རྒྱུ་དབང་ཕྱིར་ཡང་སྡུག་བསྔལ་ཡིན། །བདག་མིན་བྱིན་གྱིས་བརླབས་པའང་མིན། །རྒྱུ་མིན་བྱིན་གྱིས་རློབས་པ་མིན། །ཞེས་པ་ནས། དེ་ནི་རྟག་རྣམས་ལ་ཡོད་མིན། །ཞེས་བྱུང་། །
༈ གཉིས་པ་ནི། སྲེད་པ་ཆོས་ཅན། རྒྱུ་ཡིན་ཏེ། ཡང་སྲིད་ཀྱི་བག་ཆགས་འཇོག་པའི་རྩ་བ་ཡིན་པའི་ཕྱིར། ཀུན་འབྱུང་ཡིན་ཏེ། འགྲོ་བ་སོ་སོར་དུས་ཡང་ཡང་བསྐྱེད་པའི་ཕྱིར། རབ་སྐྱེ་ཡིན་ཏེ། འགྲོ་བ་ལྔའི་སྐྱེ་གནས་སོགས་མི་འདྲ་བ་བསམ་མི་ཁྱབ་སོ་སོར་སྐྱེད་ནུས་པའི་ཕྱིར། རྐྱེན་ཡིན་ཏེ། ཉེར་ལེན་གཙོ་བོ་ལས་ཡིན་ཀྱང་ཁྱོད་ཀྱིས་དེ་ལ་གསོས་བཏབ་པའི་སྒོ་ནས་སྲིད་པ་གཞན་དང་གཞན་འགྲུབ་པས་འཁོར་བ་ལས་མི་འདའ་བར་བྱེད་པའི་ཕྱིར། ཕྱི་མ་ལ་སྲིད་སྲེད་གཙོ་ཆེ་བར་རྣམ་བཤད་དང་ཚད་མའི་ལམ་ཊཱིཀ་ལས་གསུངས་ལ། གོང་དུ་དྲངས་པའི་མདོར་སྲེད་པ་ཡང་འབྱུང་བ་ཞེས་སོགས་ཀྱི་དོན་སོ་སོར་ཕྲལ་ཏེ་རྟག་པར་སྲེད་པའི་རྒྱུ་དང་། བདེ་བ་དང་གཙང་བར་སྲེད་པའི་ཀུན་འབྱུང་དང་རབ་སྐྱེ། བདག་སྲེད་ཀྱིས་རྐྱེན་གྱི་བྱ་བ་སྔར་བཤད་པ་དེ་ལྟར་བྱེད་པར་ཀུན་བཏུས་དར་ཊཱིཀ་ལས་གསུངས་པ་ནི་བསྡུ་བའི་དགོངས་པ་སྟེ། དེ་ཉིད་ལས། ཅིའི་ཕྱིར་ཀུན་འབྱུང་བདེན་པ་ལ་རྣམ་པ་བཞིས་བལྟ་བར་བྱ་ཞེ་ན། སྨྲས་པ། སྲེད་པ་རྣམ་པ་བཞིའི་ཕྱིར་ཏེ། དེ་ཡང་རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་ཏུ་སྲེད་པའི་བྱེ་བྲག་ལས་སོ་ཞེས་གསུངས་ཤིང་འགོག་ལམ་ཡང་དེ་ལྟར་སྦྱར་རོ། །རྣམ་འགྲེལ་དངོས་ཟིན་དང་སྦྱོར་ན་སྡུག་བདེན་གྱི་སྐབས་བཞིན་ཉེར་ལེན་གྱི་ཕུང་བོ་རྩོད་གཞིར་བཟུང་བ་བདེ་སྟེ། དེ་ཆོས་ཅན། རྒྱུ་དང་བཅས་ཏེ། རེས་འགའ་སྐྱེ་བའི་ཕྱིར། རྟག་པ་གཅིག་པུའི་རྒྱུ་ལས་མ་བྱུང་སྟེ། རྟག་པ་ལ་རིམ་དང་ཅིག་ཅར་དོན་བྱེད་པའི་ནུས་པ་མེད་པའི་ཕྱིར། ཞེས་སོགས་སུ་སྦྱར་རོ། །
༈ དེ་ལ་དང་བོ་ནི། རེས་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་འགྲུབ། །ནས། མཐོང་བ་ལ་ནི་རྒྱུ་མཚན་ཡིན། །ཞེས་པའི་བར་བྱུང་།
༈ གཉིས་པ་ནི། རྟག་རྣམས་བཀག་ཕྱིར་དབང་ཕྱུག་ལ། །སོགས་པ་ལས་ཀྱང་སྲིད་མིན་ཏེ། །ནུས་པ་མེད་ཕྱིར། །ཞེས་བྱུང་། འདི་ནི་ཤིན་ཏུ་གནད་ཆེ་བས་ཅུང་ཟད་བཤད་ན། གཞན་སྡེ་ཐར་བ་ཁས་ལེན་པ་རྣམས་ཀྱི་འགལ་འདུའི་གཙོ་བོ་ནི། སྡུག་བསྔལ་ལྡོག་ནུས་པར་འདོད་བཞིན་དུ་དེའི་རྩ་བ་མཐར་གཏུགས་པ་བདག་དང་གཙོ་བོ་སོགས་རྟག་པ་གཅིག་པུར་སྨྲ་བ་འདི་ཡིན་ཏེ། སྤྱིར་རྒྱུ་འབྲས་འཇོག་ཚུལ་ནི། ཐོག་མར་འགྲུབ་པའི་ཚེ་ན་ཡང་རྒྱུ་སྔར་མེད་གསར་སྐྱེས་ལས་འབྲས་བུ་སྔར་མེད་གསར་དུ་སྐྱེ་ཞིང་། འགག་པའི་ཚེ་ཡང་སྣུམ་ཟད་པའི་མར་མེ་ཤི་བ་ལྟར། རྒྱུ་འགག་པ་ལས་རིམ་གྱིས་འབྲས་བུ་ཡང་འགག་པར་འགྱུར་རིགས་པ་ལ། རྒྱུ་རྟག་པར་འདོད་ན་རྣམ་གཞག་དེ་ལྟ་བུ་མི་རུང་སྟེ། གོང་དུ། རྟག་ལ་ལྡོག་པ་མེད་པའི་ཕྱིར། །ནུས་པ་ཉིད་ཀྱང་ལྡོག་པར་དཀའ། །ཞེས་གསུངས་པ་ལྟར། རྟག་པ་ནི་ཡུལ་དུས་འགར་ཡང་ལྡོག་པ་མི་སྲིད་པས། དེའི་རྩ་བ་ཅན་གྱི་སྡུག་བསྔལ་ལྡོག་པར་སྨྲས་པ་ཡང་ཚིག་ཙམ་ལས་དོན་རྣམ་པ་ཐམས་ཅད་དུ་རིགས་པས་མི་འགྲུབ་བོ། །དེར་མ་ཟད་རྟག་པ་ལ་འབྲས་བུ་སྐྱེད་པའི་ནུས་མེད་ཅིང་། གལ་ཏེ་ཡོད་ན་རྣམ་པ་ཐམས་ཅད་དུ་ཡོད་དགོས་པས་འབྲས་བུ་སྡུག་བསྔལ་ཡང་རྟག་ཏུ་གྲུབ་བཞིན་པར་འགྱུར་གྱི་རེས་འགའ་འགག་ཞིང་དེ་ནས་ཡང་རྐྱེན་འཛོམས་པ་ན་ཡང་དང་ཡང་དུ་ཀུན་འབྱུང་བ་དེ་ལྟ་བུ་མི་རིགས་ཞེས་པའི་དོན་ནོ། །
༈ རྣམ་པ་ལྷག་མ་གཉིས་ནི། དེ་ཡི་ཕྱིར། །སྲིད་འདོད་རྒྱུ་ཡིན་གང་གི་ཕྱིར། །ནས། དེ་ཡོད་ན་ཡོད་མེད་ཕྱིར་རོ། །ཞེས་པའི་བར་ཏེ། འདིར་རྩོད་སྤོང་སོགས་མང་བས་མ་བྲིས་ཏེ་ཊཱིཀྐ་དག་ལས་ཤེས་པར་བྱའོ། །འདི་ལ་འགའ་ཞིག་ཉེར་ལེན་གྱི་ཕུང་བོ་འདི་བཅུ་བ་སྲིད་པ་དང་། དེ་སྲེད་ལེན། དེ་འཕེན་བྱེད་ལས། དེ་ཐོག་མའི་མ་རིག་པ་ལས་བྱུང་བར་རྟོགས་པ་ན་རིམ་བཞིན་རྐྱེན། རབ་སྐྱེ། རྒྱུ་ཀུན་འབྱུང་རྣམས་རྟོགས་པར་བཤད་དོ། །དེ་ལྟར་སྦྱོར་ན་འདིར་རྒྱུ་ཞེས་པ་རྩ་བ་ལ་བཤད་པ་མང་ཞིང་། སྲིད་པའི་རྩ་བ་ཕྲ་རྒྱས་ཞེས་འབྱུང་བས་ཐོག་མའི་མ་རིག་པ་དང་། དེ་ནས་ཀུན་འབྱུང་གི་སྐབས་འདིར་མང་ཚིག་དང་ཟློས་སྒྲ་དུ་མ་འབྱུང་ཞིང་། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་འབྱུང་བས་འཕེན་བྱེད་ལས་དང་། དེ་ནས་སྲེད་ལེན་གཉིས་རྐྱེན་དུ་མདོ་སོགས་དུ་མར་གསལ་ཞིང་། དེས་གསོས་བཏབ་ནས་ལས་ནུས་པ་མཐུ་ཅན་དུ་གྱུར་པ་ལ་སྲིད་པར་བཞག་པ་ཡིན་པས། དེ་ལ་རབ་སྐྱེ་ཞེས་སྦྱར་ན་ཚིག་གི་ནུས་པའང་ཐོན་པ་འདྲ་ཞིག་འབྱུང་ལ། གོང་གི་གཙང་བར་སྲེད་པ་དང་སྟོང་བའི་རྣམ་པ་སྦྲེལ་བ་ཡང་ང་རྒྱལ་གྱི་གཉེན་པོར་ཁམས་ཀྱི་རབ་དབྱེ་བསྒོམ་པར་གསུངས་པ་དང་སྦྱར་ནས་བཤད་པ་ཅུང་ཟད་བྱེད་ནུས་མོད་ཀྱང་གཞུང་སྤྱི་བབས་ལས་དེ་ལྟར་མི་འབྱུང་བས་སྙིང་ཁམས་ཆེར་མི་རུང་སྟེ། རྒྱལ་བ་བྱམས་པ་མགོན་པོའི་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་ཁྲིམས་སུ་བཅས་པའི་ཕྱིར་རོ། །
༈ གསུམ་པ་འགོག་པའི་བཞི་ནི། སྡུག་བསྔལ་གཏན་ཟད་པའི་བྲལ་བ་ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། དགག་བྱ་སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཞི་བ་ཡིན་ཏེ། སྤང་བྱ་ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། གྱ་ནོམ་པ་ཡིན་ཏེ། དེ་ལྟར་སྡུག་བསྔལ་དང་ཉོན་མོངས་མཐའ་དག་སྤངས་པའི་འཕྲལ་ཕུགས་ཀུན་ཏུ་དགེ་ཞིང་གཙང་བ་ཡིན་པའི་ཕྱིར། ངེས་པར་འབྱུང་བ་ཡིན་ཏེ། དེ་དག་སྤངས་པ་སླར་མི་ལྡོག་པའི་ཆོས་ཅན་གྱི་ཐར་བ་ཡིན་པའི་ཕྱིར། དེ་དག་སྟོན་པར། རྣམ་འགྲེལ་ལས། དེ་ནི་གཏན་དུ་བ་མིན་ཏེ། །ནས། སྤོང་ལ་དེ་ནི་རྟག་པར་སྨྲོས། །ཞེས་འབྱུང་ལ། ཀུན་ལས་བཏུས་སུ་འགོག་པ་ཉོན་མོངས་དང་ཞི་བ་སྡུག་བསྔལ་དང་བྲལ་བའི་ཆ་ནས་གསུངས་སོ། །
༈ བཞི་བ་ལམ་གྱི་བཞི་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཆོས་ཅན། ལམ་ཡིན་ཏེ། ཐེག་པ་གསུམ་གྱིས་བགྲོད་པ་གཅིག་པའི་ཐར་ལམ་ཡིན་པའི་ཕྱིར། རིག་པ་ཡིན་ཏེ། ཉོན་མོངས་པ་མ་རིག་པའི་དངོས་ཀྱི་འགལ་ཟླའི་གཉེན་པོ་ཡིན་པའི་ཕྱིར། སྒྲུབ་པ་ཡིན་ཏེ། སེམས་ལོག་པར་འཕྲོ་བ་བཀག་ནས་གནས་ལུགས་ཀྱི་སྟེང་དུ་སྒྲུབ་སྟེ། དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་པའི་ཕྱིར། ངེས་འབྱིན་ཡིན་ཏེ། སླར་མི་ལྡོག་པའི་ཐར་བའི་གནས་སུ་ཕྱིན་བྱེད་ཡིན་པའི་ཕྱིར། དེ་དག་སྟོན་པར། རྣམ་འགྲེལ་ལས། བཤད་ཟིན་ལམ་དེ་གོམས་པ་ལས། །ཞེས་པ་ནས། ཐལ་བ་བཞིན་དུ་མ་ངེས་ཕྱིར། །ཞེས་གསུངས་སོ། །དེ་དག་ནི་སོ་སོའི་ཁྱད་ཆོས་རྣམས་སྒྲུབ་ཚུལ་ཡིན་ལ། འགོག་ལམ་རང་ལྡོག་ནས་སྒྲུབ་ཚུལ་སྦྱོར་ངག་ཏུ་དྲིལ་ན་འདི་ཡིན་ཏེ།
༈ དང་བོ་ནི་རང་ཉིད་འགྲིབ་བྱེད་ཀྱི་མི་མཐུན་ཕྱོགས་སྟོབས་ལྡན་ཡོད་ན། དེ་འཕེལ་བ་ལས་རང་ཉིད་རིམ་གྱིས་གཏན་ཟད་དུ་འགྲོ་བ་ཡོད་པས་ཁྱབ་སྟེ། དཔེར་ན་མེ་དང་ཉེ་བའི་གྲང་འབྲས་ཟད་པ་མཐོང་བ་བཞིན། སྡུག་བསྔལ་གྱི་ཕུང་བོ་འདི་ཡང་ཟད་པ་ཡོད་དེ། འདིའི་རྩ་བ་བདག་འཛིན་ལ་གནོད་བྱེད་སྟོབས་ལྡན་བདག་མེད་རྟོགས་པའི་ཤེས་རབ་དམིགས་པའི་ཕྱིར། དེ་སྐད་དུ། འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །དེ་གོམས་པ་ལས་བདག་འགྱུར་བས། །ལ་ལར་ཟག་པ་ཟད་པར་འགྱུར། །ཞེས་སོ། །འདིའི་བདག་འཛིན་ཞེས་པ་ཆོས་ཀྱི་བདག་འཛིན་ལ་ཁ་སྤོས་ཏེ་ཐམས་ཅད་མཁྱེན་པ་སྒྲུབ་པའི་སྦྱོར་ངག་ཀྱང་རྣམ་འགྲེལ་ཊིཀ་ཆེན་དང་ཚད་མའི་བརྗེད་བྱང་དུ་གསུངས་ལ། སྟོབས་ལྡན་ཞེས་པའི་དོན་ནི་སེམས་ཀྱི་རང་བཞིན་འོད་གསལ་བ། ཞེས་འབྱུང་བ་ལྟར་རང་བཞིན་ལ་ཞུགས་མ་ཞུགས་ཀྱི་དབང་གིས་རྒྱབ་རྟེན་ཡོད་མེད་ཡིན་གྱི་གནས་སྐབས་ཀྱི་མངོན་ལྐོག་ལྟ་བུ་མིན་ཏེ། ཐུབ་དགོངས་ལས། འོ་ན་སྐྱོན་དང་ལྡན་པ་ལ་ཡོན་ཏན་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཡོན་ཏན་དང་ལྡན་པ་ལ་སྐྱོན་སྦྱོར་བས་འཁོར་བ་ལས་ངེས་པར་འབྱུང་བ་མེད་དོ་ཞེ་ན། མ་ཡིན་ཏེ། ནས། ཡོན་ཏན་རྣམས་དངོས་པོའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དང་། སྐྱོན་རྣམས་ནི་ཕྱིན་ཅི་ལོག་པའི་ཕྱིར་རོ་ཞེས་དང་། ལེགས་བཤད་སྙིང་བོ་ལས། དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པའི་སྒྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ། །ཞེས་པའི་དོན་དུ་ཤེས་དགོས་སོ། །
༈ ལམ་བདེན་སྒྲུབ་བྱེད་ནི། བདག་མེད་རྟོགས་པའི་ཤེས་རབ་ཆོས་ཅན། གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་བྱས་ན་གོམས་བྱའི་དོན་ལ་གསལ་སྣང་མཐར་ཐུག་པར་འགྱུར་ཏེ། དེ་ལྟར་གོམས་པར་བྱས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་སེམས་ཀྱིི་ཆོས་ཡིན་པའི་ཕྱིར། དཔེར་ན་འདོད་ཆགས་བཞིན། དེ་སྐད་དུ་ཡང་། གོམས་ལས་ཁྱད་པར་འགྱུར་ན་ཡང་། །ནས། གོམས་ལས་བརྩེ་བའི་བདག་ཉིད་དེ། །ཆགས་བྲལ་ཆགས་དང་ཡིད་ལོག་བཞིན། །ཞེས་སོ། །དེ་ལྟར་ན་བདེན་བཞིའི་བླང་དོར་ཕྱིན་ཅི་མ་ལོག་པའི་སྒོ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞིག་སྒྲུབ་པར་འདོད་ནས་ལམ་གྱི་འགེངས་གཤོག་པ་ས་སྡེ་དང་། དེ་དག་གི་གནད་རིགས་པས་སྒྲུབ་པ་དཔལ་ཆོས་ཀྱི་གྲགས་པའི་གཞུང་ལུགས་རྣམས་ལ་རིང་དུ་འདྲིས་པར་བྱ་དགོས་པ་དཔྱོད་ལྡན་རྣམས་ཀྱིས་ཐུགས་ལ་བཅངས་པ་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པ་ལགས།
མི་རྟག་སོགས་བཅུ་དྲུག་གི་རྟོགས་རིམ།
༈ གཉིས་པ་དེ་དག་རྟོགས་པའི་རིམ་པ་ནི། བསྡུ་བ་ལས། དེ་ལ་ཤེས་པ་མངོན་པར་རྟོགས་པ་ནི། བདེན་པ་མཚན་ཉིད་མི་འདྲ་བ་དག་ལ་ཤེས་པ་འབྱུང་བའི་གོ་རིམ་གྱིས་འབྱུང་ངོ་། །ཞེས་གསུངས་ཤིང་། མཚན་ཉིད་འདྲ་མི་འདྲའི་དོན་ཡང་། དེེ་ཉིད་ལས། སྡུག་བསྔལ་གྱི་བདེན་པ་ནི་མཚན་ཉིད་གཉིས་ཀྱིས་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཀྱིས་སོ། །དེ་ལས་གཞན་པ་དག་ནི་རང་གི་མཚན་ཉིད་ཁོ་ནས་ཏེ་ཞེས་གསུངས་ཏེ་འགོག་ལམ་དང་ཀུན་འབྱུང་གསུམ་ནི་རང་གི་མཚན་ཉིད་ཁོ་ན་དང་སྦྱར་བས། ཁྱད་ཆོས་བཞི་ཚན་རྣམས་དངོས་ཤུགས་ཅི་རིགས་པའི་སྒོ་ནས་ཅིག་ཅར་རྟོགས་པར་འགྱུར་ལ། སྡུག་བདེན་གྱི་ཁྱད་ཆོས་བཞི་ནི་རིམ་ཅན་ཁོ་ན་ཡིན་ནོ། །དེ་སྐད་དུ། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །བསྒོམ་པ་ལྷག་མ་དེ་དོན་ཡིན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས།། ཞེས་གསུངས་སོ། །ཁ་ཅིག་དེའི་དོན་དུ་བསམ་ནས་སྟོང་བ་བདག་མེད་གཉིས་རྟོགས་པའི་བློ་ནི་གྲོལ་ལམ་དངོས་གཞི་ཡིན་ལ་གཞན་བཅུ་བཞི་སྨིན་བྱེད་ཡིན་པས་དེའི་སྔོན་དུ་འགྲོ་དགོས་ཟེར། ལ་ལས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བཀག་པའི་བདག་མེད་ཕྲ་མོ་རྟོགས་པ་ལ་དེ་དག་སྔོན་དུ་འགྲོ་དགོས་པའི་དོན་ཡིན་གྱི། འདིའི་སྟོང་བདག་མེད་གཉིས་ནི་ཀུན་བཏགས་ཀྱི་ཞེན་ཡུལ་བཀག་ཙམ་ཡིན་ལ། འགོག་བདེན་གྱི་ཡང་སྔོན་དུ་རྟོགས་དགོས་ཏེ། སྡུག་བསྔལ་གྱི་རྩ་བ་བདག་འཛིན་སྤོང་ནུས་སུ་ཤེས་པ་ལ། དེ་ལ་གནོད་བྱེད་ཡོད་ཚུལ་ཤེས་དགོས་ཤིང་། དེ་ལ་དེས་བཟུང་བ་ལྟར་མེད་ཚུལ་ཤེས་དགོས་པའི་ཕྱིར་ཟེར། འདིས་ནི་ལུགས་སྔ་མ་ལེགས་པར་ཁེགས་ཤིང་། སྨྲ་བ་བོ་རང་ཉིད་ལ་ཡང་མཚུངས་ཏེ། ལམ་རིམ་ལས། ཀུན་བཏགས་ཀྱི་མ་རིག་པ་ནི། གྲུབ་མཐའ་སྨྲ་བ་དེ་དག་ཁོ་ན་ལ་ཡོད་པས་འཁོར་བའི་རྩ་བར་མི་འཐད་པའི་ཕྱིར། ཞེས་གསུངས་པས་ན་སྡུག་བསྔལ་གྱི་རྩ་བར་གྱུར་པའི་བདག་འཛིན་ནི་ལྷན་སྐྱེས་ལས་འོས་མ་འདས་ཤིང་། དེ་ལྟ་ན་འགོག་བདེན་རྟོགས་ཁ་མ་དེས་དེས་བཟུང་བ་མི་འཐད་པར་རྟོགས་ཀྱང་ཞེན་ཡུལ་མ་ཁེགས་པ་ནི་ཡ་མཚན་ནོ། །གཞན་ཡང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་དང་རྣམ་ངེས་དར་ཊཱིཀ་གཉིས་ཀར། ཀུན་འབྱུང་སྤོང་ནུས་སུ་མཐོང་བ་བདག་མེད་པར་རྟོགས་པ་ལ་རག་ལས་པས་ཞེས་དང་། ཕར་ཕྱིན་ལམ་བསྒྲིགས་ལས། དེ་ནས་སྡུག་བསྔལ་གྱི་རྩ་བ་བདག་འཛིན་སྤོང་ནུས་མི་ནུས་བརྟགས་པ་ན། བདག་ཅུང་ཟད་ཀྱང་མེད་པར་མཐོང་ནས་བདག་འཛིན་སྤོང་ནུས་པར་ཁོང་དུ་ཆུད་དེ་ཞེས་སོགས་ལུང་དང་། འགོག་བདེན་དེ་བཞིན་ཉིད་དུ་བཤད་པ་དང་། སེམས་རང་བཞིན་གྱིས་འོད་གསལ་བའི་རྟགས་ཀྱིས་དྲི་མ་གློ་བུར་བར་སྒྲུབ་པ་དང་ལམ་བདེན་གྱི་ཁྱད་ཆོས་རྣམས་སྒྲུབ་པའི་ཚེ་རྩོད་གཞིར་བདག་མེད་རྟོགས་པའི་ཤེས་རབ་བཟུང་བ་སོགས་རིགས་པས་ཀྱང་ཁེགས་ཤིང་། ཡོངས་སུ་གྲགས་པ། ལམ་རིམ་བསྡུས་དོན་ལས་ཀྱང་། ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །ཞེས་རྣམ་བཅད་དེ་ལྟར་གསུངས་པས་ཀུན་འབྱུང་བསམ་པ་ན་འཁོར་བའི་རྩ་བ་གཅོད་ཚུལ་ཤེས་པ་ཡོངས་གཅོད་ལ་གྲུབ་པའི་ཕྱིར། འོ་ན་རྒྱལ་ཚབ་རྗེའི་ཚད་མའི་བརྗེད་བྱང་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བཤད་པའི་རྣམ་པ་ལྷག་མ་རྣམས་ནི་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པའི་ཐབས་ཀྱི་རྒྱུར་ཡོངས་སུ་སྦྱོང་བྱེད་ཀྱི་ཡན་ལག་ཡིན་ཏེ། ཀུན་འབྱུང་སོགས་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་སྒྲོ་འདོགས་བསལ་ནས་བདག་མེད་གོམས་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པ་ཅི་ཞེ་ན་བཤད་པར་བྱ་སྟེ། འདིའི་རྩ་བའི་མདོ་ལས། དགེ་སློང་དག་གཟུགས་རྟག་པ་ཡིན་ནམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ།། གང་མི་རྟག་པ་དེ་བདེ་བ་ཡིན་ནམ་སྡུག་བསྔལ་ཡིན། བཙུན་པ་སྡུག་བསྔལ་བ་ལགས་ཏེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་རྣམ་པར་འཇིག་པའི་ཆོས་ཅན་ལགས་སོ། །དེ་ལ་འདི་ནི་ངའོ་འདི་ནི་ངའི་བདག་གོ་ཞེས་པ་ལྟར་རུང་ངམ། བཙུན་པ་མ་ལགས་སོ། །ཞེས་མི་རྟག་སྡུག་བསྔལ་གཉིས་ལས་གཞན་སྔོན་དུ་མ་གསུངས་ཤིང་། འདི་ཡང་དེ་དང་སྦྱོར་དགོས་པ་ནི་གོང་དུ་དྲངས་པ་ལྟར་འཕྲོ་དེ་མ་ཐག་ཏུ། དེ་ཕྱིར་ཞེས་དང་། གསུངས་ཞེས་པས་འགྲུབ་བོ། །དེའི་རྒྱུ་མཚན་གྱིས་ཐར་ལམ་གསལ་བྱེད་དང་ཊིཀ་ཆེན་གཉིས་ཀར་ཡང་བསྒོམ་པ་ལྷག་མ་ཞེས་པའི་ཐད་དུ་འདུས་བྱས་མི་རྟག་པར་རྟོགས་པ་དང་ཟག་བཅས་སྡུག་བསྔལ་དུ་རྟོགས་པ་གཉིས་ལས་གཞན་མ་གསུངས་པ་དང་། བརྗེད་བྱང་འདི་ཉིད་ལས་ཀྱང་། མི་རྟག་པ་དང་སྡུག་བསྔལ་གཉིས་ངེས་དགོས་པར་གསུངས་པ་ནི། སྔར་བཤད་པ་ལྟར་བདག་མེད་ངེས་པའི་ཕྱོགས་ཆོས་བསྒྲུབ་པའི་ཡན་ལག་ཏུ་འགྱུར་བ་ལ་དགོས་པ་ཡིན་ཞིང་། རྣམ་པ་ལྷག་མ་རྣམས་བདག་མེད་པའི་རྣམ་པ་སྦྱོང་བྱེད་དུ་བཤད་པའི་དོན་ཡང་དེ་ཉིད་ཡིན་ཏེ་འཆད་པར་འགྱུར་རོ། །ཞེས་གསུངས་པ་ཤིན་ཏུ་མཐུན་པའི་ཕྱིར་རོ། །འོ་ན་ཀུན་འབྱུང་ལ་སྒྲོོ་འདོགས་པ་སོགས་བསལ་དགོས་པར་གསུངས་པ་ཅི་སྙམ་ན་སྐྱོན་མེད་དེ། སྡུག་བསྔལ་རྒྱུ་མེད་དུ་འཛིན་པ་སོགས་ནི་ཀུན་འབྱུང་ལ་བརྟེན་པའི་སྒྲོ་འདོགས་ཡིན་པས། གོང་དུ་རྣམ་འགྲེལ་དངོས་ཟིན་དང་སྦྱར་ཏེ་རེས་འགའ་སྐྱེ་བའི་རྟགས་སོགས་ཀྱིས་འགོག་ཚུལ་བཤད་པ་ཡང་འདིའི་ཕྱོགས་ཆོས་སྒྲུབ་པའི་ཡན་ལག་ཏུ་འགྱུར་བའི་དོན་ཡིན་ལ། དེའི་རིགས་པའི་གནད་ནི་མི་རྟག་སྡུག་བསྔལ་གཉིས་ཀྱིས་སྒྲུབ་ཚུལ་དུ་འདུས་པའི་ཕྱིར། ལོགས་སུ་མ་བྱས་ཀྱང་འགལ་བ་མེད་པས་ལུང་སྔ་མ་རྣམས་དང་མི་མཐུན་པ་མེད་དོ། །སོགས་སྒྲ་སྨོས་པ་ཙམ་གྱིས་འགོག་ལམ་གྱི་ཁྱད་ཆོས་ཀྱང་སྡུད་དགོས་དོན་མེད་ལ་དེའི་སྒོ་ནས་གོམས་པར་བྱེད་པ་ལ་དེའི་སྒོ་ནས་གསར་རྟོགས་དགོས་པའི་ཁྱབ་པ་ཚངས་པས་ཀྱང་མི་འགྲུབ་བོ། །གཞན་ཡང་སྡུག་བསྔལ་བདེན་པའི་ཁྱད་ཆོས་ཀྱི་སྟོང་བདག་མེད་གཉིས་ཀུན་བཏགས་ཀྱི་ཞེན་ཡུལ་བཀག་ཙམ་ཁོ་ནར་བཤད་པ་མི་འཐད་དེ། འདི་གཉིས་བདག་མེད་རགས་པ་ཁོ་ནར་བཤད་ན་ཡང་མི་འཐད། འདིར་བསྟན་སྒྲོ་འདོགས་དེ་བློ་ཀུན་བཏགས་ཁོ་ནར་བཤད་ན་ཡང་མི་འཐད་པའི་ཕྱིར། དང་བོ་གྲུབ་སྟེ། འདིའི་སྟོང་བ་ལ་ཉོན་མོངས་པའི་དངོས་གཉེན་བར་ཆད་མེད་ལམ་གྱི་འཛིན་སྟངས་སུ་བྱ་རྒྱུའི་བདག་མེད་ཞིག་ཡོང་ཞིང་། དེ་ལ་འཁོར་བའི་རྩ་བ་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བཀག་ཙམ་ཞིག་དགོས་པའི་ཕྱིར་ཏེ། ཀུན་བཏུས་དར་ཊིཀ་ལས། སྟོང་བ་ནི་གང་ཞིག་མངོན་སུམ་དུ་རྟོགས་ནས་ཉོན་སྒྲིབ་སྤོང་ནུས་པའི་གང་ཟག་གི་བདག་མེད་ཡིན་ལ་ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚད་མའི་བརྗེད་བྱང་ལས། སྒྲོ་འདོགས་བཅུ་དྲུག་པོ་དེ་དག་ཕལ་ཆེར་ཀུན་བཏགས་ཀྱིས་བསྡུས་པ་ཡིན་ནོ། །ཞེས་གསུངས་པ་གང་ཞིག ཕྱི་མ་བཅུ་གཉིས་ལ་ཀུན་བཏགས་ལས་འོས་མེད་ཅིང་། དང་བོ་བཞི་ཡང་མཐའ་གཅིག་ཏུ་ཀུན་བཏགས་ཡིན་ན་ཕལ་ཆེར་ཞེས་སྨོས་དོན་མེད་པའི་ཕྱིར། འོ་ན། དེ་ཉིད་ལས། སྔར་བདག་མེད་སྒྲུབ་པའི་རྟགས་སུ་བཀོད་པའི་ཕུང་བོ་དང་རང་བཞིན་གཅིག་ཐ་དད་ཀྱིས་སྟོང་བ་ནི། སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་བསྟན་པའི་སྟོང་བ་བདག་མེད་དང་དོན་གཅིག་ལ། ངོ་བོ་དང་དོན་གཞན་གྱི་བདག་ཏུ་སྒྲོ་འདོགས་པའི་ཀུན་བཏགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་བཀག་པ་ཡིན་ཞིང་། བསྒྲུབ་བྱར་བཟུང་བ་ནི་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བཀག་པའི་བདག་མེད་དོ། །ཞེས་གསུངས་པ་ཇི་ལྟར་དྲངས་ཞེ་ན། དེ་ནི་གཙོ་ཆེ་བའི་དོན་དུ་སྔར་དྲངས་པ་ཉིད་ཀྱིས་ཤེས་སོ། །གཙོ་ཆེ་ཚུལ་ཡང་འདི་ཡིན་ཏེ་སྤྱིར་རང་གི་ཕུང་སོགས་ལ་དབང་བསྒྱུར་བ་པོར་འཛིན་པ་ཙམ་ཞིག་ནི་ངར་འཛིན་མཐའ་དག་ལ་ཡོད་ཅིང་། ཐལ་འགྱུར་བ་མ་གཏོགས་པས་ནི། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །ཞེས་སོགས་ལྟར་ངར་འཛིན་ལ་བདག་དེ་ཕུང་བོ་ཟོང་ལྟར་བརྗེ་བ་བོར་ཞེན་པ་ཡོད་པས་ངོ་བོ་ཐ་དད་ཀྱི་འཛིན་ཚུལ་ཚང་བར་འདོད་ཀྱང་། དེ་ནི་བློ་ལྷན་སྐྱེས་ཀྱི་སྣང་ཚུལ་ཡིན་གྱི་དཔྱད་ནས་བཞག་པ་མ་ཡིན་ལ། འདིར་ནི་སྟོང་བདག་མེད་གཉིས་ཀྱི་སྒྲུབ་བྱེད་དང་། བདག་མེད་སྒྲུབ་པའི་ཚེ་ངོ་བོ་གཅིག་ཐ་དད་ཕྱེ་ནས་འགོག་པ་གཉིས་གཅིག་ཏུ་བྱས་པ་རིགས་པའི་འཕུལ་གནད་གཅིག་ཏུ་འགྲོ་བའི་དབང་དུ་བྱས་པ་ཡིན་པས། དེ་ལྟར་དཔྱད་ནས་རྣམ་པར་འཇོག་པ་ནི་འཐད་འཛིན་ཀུན་བཏགས་སུ་འགྲོ་སྟེ་འདི་དག་གི་ཚུལ་ཤིན་ཏུ་གལ་ཆེ་ཡང་ཞིབ་པར་གཞན་དུ་བཤད་འདོད་པས་འདིར་མ་སྤྲོས།
དེ་དག་གོམས་པའི་ལམ་བགྲོད་ཚུལ།
༈ གསུམ་པ། དེ་དག་གོམས་པའི་ལམ་བགྲོད་ཚུལ་ནི། ཐོག་མར་རགས་པའི་མི་རྟག་སོགས་བསྒོམས་པས་ཚེ་འདི་ཡུན་རིང་དུ་མི་གནས་ཤིང་ཤི་ནས་ཀྱང་གར་འགྲོ་གཏོལ་མེད་ལ། གལ་ཏེ་ངན་སོང་དུ་སྐྱེས་ན་དེའི་སྡུག་བསྔལ་བཟོད་གླགས་མེད་པའི་ཚུལ་བསམས་ཏེ། དེ་ལས་སྐྱོབ་པའི་སྐྱབས་དཀོན་མཆོག་ལ་ཡིད་ཆེས་པའི་སྐྱབས་འགྲོ་ཤུགས་དྲག་པོ་དང་། དགེ་བཅུའི་བླང་དོར་ལ་བརྩོན་པ་སོགས་ཆུང་ངུ་དང་ཐུན་མོང་པའི་ལམ་ལ་བློ་ལེགས་པར་སྦྱོང་ཞིང་། དེ་རྗེས་གནས་སྐབས་དགེ་བའི་དབང་གིས་ལྷ་མིའི་མངོན་མཐོ་ཙམ་ཞིག་ཐོབ་ཀྱང་ཕུགས་འཁོར་བ་འདི་ལས་གཏན་དུ་ཐར་བ་ཞིག་མ་བྱུང་ན་སྲིད་པའི་བདེ་བ་དེ་ནི་རི་གཟར་གྱི་འབབ་ཆུ་ལྟར་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བས་རིམ་གྱིས་ཟད་དེ་སླར་ཡང་ལྟུང་བའི་ཚུལ་མི་རྟག་པ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གཉིས་ཀྱི་སྒོ་ནས་བསམ་པས་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པ་ན། དེེ་ལྟ་བུའི་སྡུག་བསྔལ་གྱི་ལྗོན་པ་ཆེན་པོ་དེ་ཉིད་རྒྱུ་གང་ལས་བྱུང་སྙམ་དུ་དཔྱད་པས་སྲེད་པའི་བརླན་ལས་སྐྱེ་བར་ཤེས་ཏེ་ཀུན་འབྱུང་ལ་འཇིག་ཅིང་། དེ་ཡང་རྐྱེན་ཙམ་ལས་རྩ་བ་མཐར་ཐུག་པ་མ་ཡིན་པས་ཕུགས་ལེགས་པར་བཙལ་བ་ན་བདག་འཛིན་ལ་ཐུག་པར་ཤེས་ཏེ། དེ་ཉིད་སྤོང་ནུས་མི་ནུས་དཔྱོད་ཅིང་། དེ་ཡང་རྒྱབ་རྟེན་ཡོད་མེད་ལ་ལྟོས་པས་དེའི་ཚུལ་བདག་མེད་སྒྲུབ་པའི་རིགས་པ་རྣམས་ཀྱིས་གཏན་ལ་ཕབས་ཏེ། དོན་དང་མི་མཐུན་ཞིང་རྒྱབ་རྟེན་མེད་པར་ནམ་མཐོང་བ་ན་རིང་བོར་མི་ཐོགས་པར་དེ་སྤོང་ནུས་དང་། དེའི་རྗེས་ཐོག་ཉིད་དུ་དེ་སྤོང་བྱེད་ལམ་བདེན་ཀྱང་མངོན་དུ་བྱ་ནུས་སུ་མཐོང་བར་འགྱུར་རོ། །འོན་ཀྱང་ཐེག་པ་མཆོག་གི་རིགས་ཅན་རྣམས་ནི་རང་ཁོ་ན་སྡུག་བསྔལ་གྱིས་མནར་ཚུལ་དང་དེ་ལས་ཐར་བའི་ཐབས་ཙམ་ཞིག་དཔྱོད་པར་མི་བྱེད་ཀྱི། ལམ་སྒྲོན་ལས། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར། རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་མནར་ཚུལ་ལ་དམིགས་པའི་ཡིད་འབྱུང་ཤུགས་དྲག་པ་དེ་ཙམ་དུ། དེ་ལ་དཔགས་ནས་གཞན་སྡུག་བསྔལ་གྱིས་མནར་བ་ན་མི་བཟོད་པའི་སྙིང་རྗེ་ཤུགས་དྲག་སྐྱེ་ལ་དེ་ཅི་ཙམ་ཤུགས་དྲག་པ་དེ་ཙམ་དུ་དེ་དག་སྒྲོལ་བ་ཁུར་དུ་ཁྱེར་བའི་ལྷག་བསམ་ཤུགས་དྲག་ཅིང་། དེ་ཡང་ད་ལྟ་རང་ལ་ནུས་པ་མེད་པར་མཐོང་ནས་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འབྱུང་ལ། དེའི་ཚེ་ཐེག་པ་ཆེན་པོའི་ཚོགས་ལམ་དུ་ཞུགས་ཤིང་། དེ་ནས་ཀྱང་དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བའི། །དྲན་པ་ཉེར་བར་བཞག་པ་བསྒོམ། །ཞེས་དང་། རྒྱན་ལས། དྲན་པ་ཉེར་གཞག་ནས་བཟུང་སྟེ། །ཞེས་པ་ལྟར་བདེན་པ་བཞི་ལ་བརྟེན་པའི་དྲན་པ་ཉེར་གཞག་བཞིས་བསྡུས་པའི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་རིམ་གྱིས་བགྲོད་དེ། དེའི་འོག་ཏུ་དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་ཞེས་པ་ལྟར་བདེན་བཞིའི་གནས་ལུགས་ལ་ཞི་ལྷག་ཟུང་འབྲེལ་ཐོབ་པ་ན་སྦྱོར་ལམ་དུ་འཕོས་པ་ཡིན་པས་དེའི་སྐབས་སུ་ཡང་སྐབས་དང་བོར་བཤད་པའི་རྣམ་པ་བཅུ་གཉིས་དང་། སྐབས་བཞི་བར་བཤད་པའི་རྣམ་པ་རྣམས་ཡ་མ་བྲལ་བར་བྱས་ཏེ་གོམས་པ་ལས་དྲོད་རྩེ་བཟོད་མཆོག་བཞི་རིམ་གྱིས་འབྱུང་ཞིང་། དེའི་འོག་ཏུ་བདེན་དང་བདེན་ལ་བཟོད་པ་དང་། །ཞེས་སོགས་ལྟར་བདེན་བཞིའི་གནས་ལུགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་ཐོབ་ནས་དོན་དམ་པའི་ས་དང་བོ་རབ་ཏུ་དགའ་བ་ལ་འཇུག་ཅིང་། མཐོང་ཟིན་གྱི་དོན་དེ་ཉིད་ཡང་དང་ཡང་དུ་གོམས་པས་དྲི་མ་མེད་པ་སོགས་ས་ལྷག་མ་རྣམས་ཀྱང་རིམ་གྱིས་བགྲོད་དེ་དྲི་མ་ཕྲ་མོ་རྣམས་ལམ་གཞན་གྱིས་ཀྱང་སྦྱངས་ནས་མཐར་གཙང་བདེ་རྟག་བདག་དམ་པའི་ཕར་ཕྱིན་བཞིས་བསྡུས་པ་འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱས་ཏེ་འཕྲིན་ལས་ལྷུན་གྱིས་གྲུབ་པའི་སྒོ་ནས་ལུས་ཅན་ཡོངས་ལ་ཕན་བདེའི་སྒོ་བརྒྱ་འབྱེད་པ་ཡིན་ནོ། །
མཇུག་བྱང་།
སྨྲས་པ། ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་བོ་དེས།།འགྲོ་བ་མ་རིག་གཉིད་ལས་སློང་བའི་ཕྱིར། །ཐར་བ་དམ་པའི་ལྡིང་ཁང་རྩེ་མོ་ནས། །བདེན་བཞིའི་ཆོས་ཀྱི་རྔ་སྒྲ་དང་བོར་བསྒྲགས། །དེ་སླད་གང་ཞིག་སྡུག་ཀུན་འགོག་ལམ་ཞེས། །བགྲང་བ་ཙམ་གྱིས་མི་ངོམས་འཇུག་ལྡོག་ཚུལ། །ཤེས་འདོད་སྐྱེ་བོ་ཡོད་ན་སྒྲོན་མ་འདི།།བཟུང་སྟེ་ཐར་བའི་ལམ་བཟང་བསྟེན་པར་རིགས། །འདིར་འབད་ལས་བྱུང་ལེགས་བྱས་གངྒཱམ། །རྣམ་དཀར་ཀླུང་ཕྲན་སྟོང་དང་བཅས་པ་དེས། །དུག་ཅན་འགྲོ་བློའི་དྲི་མ་རབ་སྦྱངས་ནས། །མཐར་ཐུག་བྱང་ཆེན་རྒྱ་མཚོར་འཇུག་གྱུར་ཅིག། །།
ཅེས་བདེན་བཞིའི་རྣམ་གཞག་ཐར་འདོད་འཇུག་ངོགས་མཁས་པའི་དགའ་སྟོན་ཞེས་བྱ་བ་འདི་ནི་དལ་འབྱོར་དོན་ལྡན་དུ་བགྱིད་པའི་ཐབས་ཚུལ་ལ་གཅིག་ཏུ་གཞོལ་བ་རང་གི་གམ་བཅར་དཀའ་བཅུ་བ་ངག་དབང་མཆོག་ལྡན་གྱིས་སྔ་མོ་ནས་འདི་ལྟ་བུ་ཞིག་བྲི་དགོས་ཞེས་ཡང་ཡང་བསྐུལ་པར་བརྟེན་ཆོས་སྨྲ་བ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལོ་ཉེར་དྲུག་པ་ལ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་བྲིས་པའོ། །འདིས་ཀྱང་འཇམ་མགོན་བསྟན་པའི་སྙིང་བོ་ཕྱོགས་དུས་ཀུན་དུ་རྒྱས་པར་གྱུར་ཅིག། །།