སེ་ར་ཕུར་མཇལ་གྱི་འབྱུང་བ་རགས་བསྡུས།
སྤེལ་དུས 2018-02-13
ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
རྩོམ་པ་པོ། མི་གསལ།
སེར་བྱེས་མཁན་པོ་བསྟན་འཛིན་མཐུ་སྟོབས་ནས་དད་ལྡན་མང་ཚོགས་ལ་ཕུར་དབང་གནང་བཞིན་པ།
ལོ་ལྟར་བོད་ཟླ ༡༢ པའི་ཚེས ༢༧ ཉིན་ནི་སེ་ར་དགོན་པའི་བྱེས་གྲྭ་ཚང་དུ་ཡོད་པའི་དཔལ་རྡོ་རྗེ་གཞོན་ནུའི་ཕུར་པ་མཇལ་པའི་དུས་ཆེན་དེར་ཡོངས་གྲགས་སུ་སེ་ར་ཕུར་མཇལ་ཟེར། བྱེས་གྲྭ་ཚང་གི་རྟེན་གཙོ་རྟ་མགྲིན་ཡང་གསང་ཡབ་ཡུམ་དང་། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་འདི་གཉིས་ནི་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་གཞིས་ཀ་དཔལ་འབྱོར་ལྷུན་པོར་བཞུགས་སྐབས་ཡབ་རྟོགས་ལྡན་ཡོན་ཏན་མགོན་པོས་ཁྱེད་ཡི་དམ་འདི་དང་ཕུར་པ་འདི་མ་བྲལ་བ་གྱིས་ཞེས་ཕུལ་བར་གྲགས། དེའང་དང་ཐོག་ཕུར་པ་འདི་ནི་གྲུབ་ཐོབ་འདའ་འཕྱར་བའི་གཏེར་མ་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་སྐོར་སྔར་སློབ་དཔོན་ཆེན་པོས་བཙན་པོ་དབང་རྒྱུད་གདམས་པ་དང་བཅས་གནང་ནས་རྟ་མགྲིན་ཡང་གསང་གི་ཆོས་སྐོར་དང་ལྷན་ཅིག་ཡེར་པ་སེ་བ་ལུང་གི་བྲག་ལ་གཏེར་དུ་སྦས་པ་གྲུབ་ཐོབ་འདའ་འཕྱར་བས་གཏེར་ལས་བྱུང་། དེ་ནས་གཙང་དུ་བྱོན་ནས་ས་སྐྱ་པཎ་ཆེན་སྐྱིད་གྲོང་དུ་ཕེབས་པ་དང་མཇལ། འདའ་འཕྱར་བས་ཞལ་འཆོལ་ནས་ཨོཾ་བཛྲ་ཀྱི་ལི་ཀྱི་ལ་ཡ་ཞེས་གསུངས་པས་ས་སྐྱ་པཎ་ཆེན་གྱིས་དེ་མ་དག་བཛྲ་ཀི་ལི་ཀི་ལ་ཡ་ཟེར་བ་ཡིན་གསུངས་པར་འདའ་འཕྱར་བས། སྔར་ཡང་བཛྲ་ཀྱི་ལི་ཡ། ད་ཡང་བཛྲ་ཀྱི་ལི་ཡ། སྔགས་མ་དག་ཀྱང་འདི་བཞིན་བྱེད་པ་ཡིན་གསུངས་ནས་བྲག་ལ་ཕུར་པ་བཏབ་པ་འདམ་ལ་ཟུག་པ་དང་ཁྱད་མེད་པ་བྱུང་བས་ས་སྐྱ་པཎ་ཆེན་གྱིས་ཁོང་གྲུབ་ཐོབ་ཏུ་མཁྱེན་ནས་མུ་སྟེགས་པ་དང་རྩོད་དུ་འགྲོ་བ་ཡིན་པས་དེའི་གྲོགས་སུ་ཁྱེད་འབྱོན་དགོས་གསུངས་ཏེ་མཉམ་དུ་ཕེབས། ས་སྐྱ་པཎ་ཆེན་དང་མུ་སྟེགས་འཕྲོག་བྱེད་དགའ་བོ་གཉིས་བལ་བོད་ས་མཚམས་སུ་ཉིན་བཅུ་གསུམ་གྱི་བར་རྩོད་ནས་མཐར་ས་སྐྱ་པཎ་ཆེན་རྩོད་པ་ལས་རྒྱལ་ཡང་གྲུབ་རྟགས་འགྲན་ཟེར་ནས་ནམ་མཁར་འཕུར་བས་ས་སྐྱ་པཎ་ཆེན་གྱིས་འདའ་འཕྱར་བ་འབོད། འདའ་འཕྱར་གྱིས་ཕུར་པ་བཏབ་པས་མུ་སྟེགས་པ་བྱ་ལ་རྡོ་ཕོག་པ་བཞིན་ས་ལ་ལྷུངས་ཤིང་རིང་མིན་ལྔ་ལམ་དུ་བཏང། རྗེས་སུ་མུས་སྲད་དུ་བྱོན་ནས་གཙུག་ལག་ཁང་གི་རྟེན་གཙོ་ཕུར་པ་འདི་བཞག་དེ་ནས་རིམ་བརྒྱུད་ཀྱིས་རྟོགས་ལྡན་ཡོད་ཏན་མགོན་པོའི་ཕྱག་ཏུ་བྱུང་བ་རང་གི་སྲས་ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེར་བསྩལ། ཀུན་མཁྱེན་བློ་གྲོས་རིན་ཆེན་སེང་གེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་ཀྱི་ཡ་གྱལ་ཡིན་པ་དེས་སེ་ར་ཐེག་ཆེན་གླིང་གི་མཁས་མང་བྱེས་གྲྭ་ཚང་བཏབ་ཅིང། ཕུར་པ་དེ་ནང་རྟེན་དུ་བཞུགས། དེ་རྗེས་རིམ་བཞིན་ད་ལྟ་སེ་ར་ཕུར་མཇལ་ཞེས་ཟེར་བའི་རྒྱུན་ཅན་འདི་བྱུང་ཡོད་པ་རེད། དེའི་སྐོར་ཞིབ་པ་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་ཏུ་གསལ་བ་གང་ལྟར་ཕུར་པ་དེ་ཤིན་ཏུ་བྱིན་ཅན་ཞིག་ཏུ་རྩིས་ནས་ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བདུན་ཉིན་མཇལ་ཁ་བཏང་གི་ཡོད་པ་དང་དེ་ཉིན་དད་ལྡན་གྱི་མང་ཚོགས་མང་པོ་མཆོད་མཇལ་དུ་སྐྱོད་སྲོལ་ཡོད་པ་དེང་སང་གི་བར་དུ་ཡང་སྲོལ་རྒྱུན་དེ་མ་ཉམས་པར་གནས་ཡོད་པ་རེད།།
སེར་ར་དགོན་པའི་རྟེན་གྱི་གཙོ་བོ་རྟ་མགྲིན་ཡང་གསང་གི་ཞལ་ཐང་།