སངས་རྒྱས་བསྟན་པ་མུན་པའི་སྨག་རུམ་ནང་།།
ལྷུང་ནས་རིན་ཆེན་ཚེ་སྲོག་ཆད་ཉེན་དུས།།
མཁྱེན་རྒྱ་སྡེ་སྣོད་གསུམ་ལ་ཐོགས་མེད་པའི།།
བསྟན་པའི་མེ་རོ་གསོ་མཛད་གང་ལ་འདུད།།
གངས་ལྗོངས་འཛིན་མས་ཐེག་དཀའི་དོན་ཆེན་གང་།།
ལུང་རྟོགས་ཡོན་ཏན་སྟོང་གིས་ཕྱུག་པའི་མགོན།།
ཁྱེད་ཀྱི་མཛད་རྣམ་རྟོགས་བརྗོད་གསེར་རིའི་ཕྲེང་།།
མདོ་ཙམ་བརྗོད་ལ་མཁས་པས་དཔྱད་པར་འཚལ།།
ཁོང་ཉིད་འཁྲུངས་ཡུལ་བཞེད་ཚུལ་མི་མཚུངས་ཀྱང་།།
དོན་དངོས་མདོ་སྨད་ཙོང་ཁ་བདེ་ཁམས་ཞེས།།
གྲགས་པ་འབར་བའི་དན་ཏིག་གནས་མཆོག་དང་།།
ཉེ་བའི་རྨ་འགྲམ་རྒྱ་ཞུར་གྲོང་ཚོར་བལྟམས།།
ཡབ་ཀྱི་མཚན་ལ་རྨུ་གཟུ་གསལ་བཟང་དང་།།
བུ་ཡི་མིང་ལ་རྨུ་གཟུ་གསལ་འབར་སྐད།།
ཐོག་མ་གཡུང་དྲུང་བོན་གཤེན་ཆོས་ལ་དད།།
ཕྱིས་སུ་བོད་བརྒྱུད་ནང་བསྟན་ཆོས་སྒོར་ཞུགས།།
རྨ་འགྲམ་རྒྱ་ཞུར་གྲོང་སྡེའི་མཆེད་ཁུངས་ཏེ།།
ཆོས་རྒྱལ་མེས་དབོན་རྣམ་གསུམ་དུས་སྐབས་སུ།།
སོ་མཚམས་སྲུང་དམག་ལུས་པའི་རྒྱུད་པ་ལས།།
མཆེད་པ་ལོ་རྒྱུས་ཡིག་ཚང་མང་པོར་གསལ།།
རྒྱ་ཞུར་ཞེས་པའི་ཐ་སྙད་བརྗོད་དོན་ཡང་།།
བོད་རྒྱལ་སྲུང་བློན་གཞི་ཤུལ་ཡིན་པས་ན།།
རྒྱལ་ཤུལ་ཐོགས་པའི་ལོ་རྒྱུས་འཛིན་མའི་སྟེང་།།
གནའ་ནས་ད་ལྟའི་བར་དུ་གླེང་བཞིན་མཆིས།།
བླ་ཆེན་ཁོང་ཉིད་འཁྲུངས་པའི་ལོ་ཚིགས་ཏེ།།
མཁས་པའི་བཞེད་དགོངས་་མི་མཐུན་སོ་སོ་ལགས།།
ཡིན་ཀྱང་མདོ་སྨད་ཆོས་འབྱུང་ལས་གསུང་བའི།།
སྤྱི་ལོ་དགུ་བརྒྱ་ང་གཉིས་ཚད་མར་འཛིན།།
རེ་ཞིག་སྐྱེ་འགྲོའི་བསོད་ནམས་ཟུངས་ཟད་བས།།
སྡིག་རྒྱལ་གླང་མགོས་སངས་རྒྱས་བསྟན་པ་བསྣུབས།།
དམར་གཡོ་གཙང་གསུམ་སྙིང་ནས་མ་བཟོད་པར།།
འདུལ་བའི་པོ་ཏི་ཁལ་གཅིག་བཀལ་ནས་བྲོས།།
ཉིན་མོ་ཡིབ་ཅིང་མཚན་མོར་བྲོས་པ་དང་།།
མངའ་རིས་བརྒྱུད་ནས་རིམ་གྱིས་མདོ་སྨད་ཡུལ།།
ཨ་ཆུང་གནམ་རྫོང་རྡོ་རྗེ་བྲག་ཏུ་བཞུགས།།
དེ་ནས་དན་ཏིག་ཤེལ་གྱི་ཡང་དགོན་ཕེབས།།
ཁོང་གསུམ་རི་མཐོ་ས་བཙན་གནས་མཆོག་དེར།།
ཡུན་རིང་བཞུགས་པས་མི་ཚོས་ཁོང་རྣམ་པར།།
མཁས་པ་མི་གསུམ་ཞེས་པའི་མཚན་སྙན་འདི།།
ཐོག་མར་འབྱོར་པའི་ལོ་རྒྱུས་དེབ་ལས་གསལ།།
སྐབས་དེར་རྒྱ་ཞུར་ཕྱུགས་རྫིས་མཐོང་བས་ན།།
དགོང་ཁར་གྲོང་མི་རྣམས་ལ་སྨྲས་པའི་གཏམ།།
དགོང་ལོ་བཅོ་ལྔ་ལོན་པའི་གསལ་འབར་བུ།།
རིག་པའི་བག་ཆགས་སད་ནས་བལྟ་བར་ཆས།།
དེ་ནས་མཁས་པ་མི་གསུམ་སྡུག་རུས་ངང་།།
འདུལ་བའི་གཞུང་ལ་སྦྱངས་བའི་ཀུན་སྤྱོད་སོགས།།
མཐོང་མོད་དད་པའི་སྤུ་ལོང་རབ་རྒྱས་ཏེ།།
ངུ་བཞིན་རྗེས་སུ་འཛིན་པའི་ཞུ་བ་བཏོན།།
མཁས་པ་མི་གསུམ་སེམས་འགུལ་རབ་ཐེབས་ཅིང་།།
རྗེས་སུ་འཛིན་པ་འཐད་པ་མ་ཟད་ལས།།
རབ་ཏུ་བྱུང་ཞིང་དགེ་ཚུལ་བསྒྲུབས་པ་དང་།།
མཚན་ལ་དགེ་བ་རབ་གསལ་ཅེས་པ་བཏགས།།
དགོང་ལོ་ཉི་ཤུར་བསྙེན་རྫོགས་ཞུ་བའི་ཚེ།།
ཉེ་སར་དགེ་སློང་མི་ལྔ་མ་ཚང་པས།།
རྒྱ་ཡི་ཧྭ་ཤང་གཉིས་དང་སྤྱན་དྲངས་ནས།།
མཁས་པ་མི་གསུམ་དྲུང་ནས་བསྙེན་རྫོགས་བསྒྲུབས།།
རྒྱལ་བའི་བསྟན་པ་སྲོག་བཞིན་གཅེས་པའི་བུ།།
བླ་ཆེན་དགོངས་པ་མཆོག་གི་དད་སྟོབས་ཀྱིས།།
མདོ་སྨད་གྲུབ་པའི་གནས་མཆོག་དན་ཏིག་ཏུ།།
ཕྱི་དར་བསྟན་པའི་མེ་རོ་གསལ་བར་བསྒྲོན།།
རྒྱལ་བའི་གསུང་ལ་སྦྱངས་པ་ལྷོད་པ་མེད།།
སྣོད་ལྡན་སློབ་བུ་གྲངས་མང་སེམས་ཀྱིས་བསྐྱངས།།
འདུལ་བའི་ཚུལ་ཁྲིམས་མ་ནོར་རྒྱ་ཆེར་སྤེལ།།
བསྙེན་པ་རྫོགས་པའི་སློབ་བུ་དང་དུ་བླངས།།
དུས་དེར་དབུས་གཙང་ཡུལ་ནས་མདོ་སྨད་དུ།།
སྡོམ་པ་དང་ནི་ཆོས་ཀྱི་འཆད་ཉན་པ།།
བསྟུད་མར་གཅིག་རྗེས་གཉིས་མཐུད་ཕེབས་མཛད་རྣམས།།
རེ་རེ་སྣེ་ལེན་ལེགས་མཛད་འདོད་དོན་བསྐངས།།
ཁྱད་པར་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་།།
སུམ་པ་ཡེ་ཤེས་བློ་གྲོས་དབུས་པ་ལྔ།།
ལོ་སྟོན་རྡོ་རྗེ་དབང་ཕྱུག་མངའ་རིས་པ།།
བོ་དོང་ཕྱོགས་ཀྱི་གཙང་བ་མི་ལྔ་མངགས།།
མདོ་སྨད་དན་ཏིག་ཤེལ་གྱི་བྲག་ཕུག་ཏུ།།
བླ་ཆེན་དགོངས་པ་རབ་གསལ་ཞབས་དྲུང་དུ།།
དབུས་གཙང་མི་བཅུ་སྟན་ཐོག་གཅིག་གི་ཐོག།
སྡོམ་གསུམ་རིམ་ནོད་ཆབས་ཅིག་བསྙེན་པར་རྫོགས།།
དེ་ནས་ཀླུ་མེས་དབུས་སུ་ཕེབས་པའི་ཁར།།
བླ་མར་རྟེན་གྱི་སྐལ་ཞིག་ཞུ་བའི་ཚེ།།
བོན་པོའི་འོབ་ཞྭ་གསོལ་འཕྲོ་ཡོད་པ་སྟེ།།
གནང་བའི་ལོ་རྒྱུས་ཡིག་ཚང་ནང་དུ་འཁུམས།།
ཀླུ་མེས་སོགས་ཀྱང་དབུས་སུ་འབྱོར་བའི་དུས།།
ཚ་བ་ཆེ་སླད་དབུ་ཞྭའི་རྒྱབ་ལྟེབ་ཅིང་།།
ཞྭ་སྣེ་རིང་དུ་གྲགས་བ་བྱུང་བས་ན།།
དྭགས་པོའི་སྒོམ་ཞྭ་ཞེས་པའི་མིང་འདི་འབྱོར།།
དེ་ནས་མི་བཅུ་མཁས་བཙུན་གདན་ས་སྟེ།།
ལྷ་ལྡན་དབུས་སུ་མཉམ་འཛོམས་བྱུང་མོད་ཀྱང་།།
འགྲོ་བར་མ་ཕོད་བསམ་ཡས་ཡུལ་དུ་བྱོན།།
བསྟན་པ་ཕྱི་དར་མེ་རོ་གསོ་འགོ་ཚུགས།།
དེ་ལྟར་མཁས་པ་མི་གསུམ་བླ་ཆེན་པོ།།
སྐུ་ཚེ་སྨད་དུ་དགོན་ལུང་མདོའི་ཙོང་ཆུ།།
འགྲམ་གྱི་རི་བྲག་དམར་པོར་ཁུང་བརྐོས་ནས།།
ཡུན་རིང་བཞུགས་པས་དམར་གཙང་བྲག་ཅེས་འབོད།།
མཁས་པ་མི་གསུམ་མཐའ་མར་ཟི་ལིང་མཁར།།
གནས་ཡུལ་འདི་ལ་ཕེབས་ནས་མྱ་ངན་འདས།།
ཕྱིས་སུ་ས་འབུར་ཙམ་གྱི་གྱུར་ནས་བཞུགས།
གཅིག་སྟོང་ཉེར་གཉིས་ལོ་ལ་ལྷ་ཁང་བཞེངས།།
བླ་ཆེན་དམར་གཙང་བྲག་ཏུ་ཕེབས་པས་ན།།
ཐུགས་དགོངས་ཤིན་ཏུ་དགྱེས་ཤིང་སྣང་བ་སྐྱིད།།
འདི་ནི་མྱ་ངན་འདའ་སའི་གནས་མཆོག་ཡིན།།
དགོངས་ནས་བཞུགས་ཤིང་འཕྲིན་ལས་སྤེལ།།
སྤྱི་ལོ་གཅིག་སྟོང་སོ་ལྔའི་བགྲང་བྱ་འདིར།།
དམར་གཙང་བྲག་ཏུ་དགོངས་པ་རྫོགས་ཚུལ་བསྟན།།
དགོང་ལོ་གྱ་བཞི་བཞེས་པ་འཁྲུལ་ནོར་མེད།།
གནས་དེར་མི་ཚོས་དམར་གཙང་ལྷ་ཆེན་འབོད།།
འདས་རྗེས་སྐུ་གདུང་རིལ་བོ་མ་ཉམས་པར།།
འཇིམ་པས་གཡོགས་ཏེ་སྐུ་བརྙན་བཞེངས་པ་དང་།།
ཕྱིས་སུ་དད་ལྡན་རྣམས་ཀྱིས་ལྷ་ཁང་བཞེངས།།
སྐུ་ལས་ངོ་མཚར་ལྟས་བཟང་སྣ་ཚོགས་མངོན།།
ད་རུང་གཞན་དང་མི་མཚུངས་མངོན་རྟགས་ཏེ།།
སྐུ་བརྙན་རྡུལ་གྱིས་ཡོངས་སུ་ཁེབས་པས་ན།།
དམག་འཁྲུག་ལ་སོགས་མི་ལེགས་འབྱུང་བ་སྟེ།།
མི་ཚོའི་ངག་རྒྱུན་གནའ་ནས་མཚམས་མ་ཆད།།
གལ་སྲིད་སྐུ་བརྙན་ཞལ་མདངས་བཟང་བའི་དུས།།
ཡུལ་ཁམས་ཕྱོགས་སུ་བཀྲ་ཤིས་འབྱུང་བ་དང་།།
དུས་རྒྱུན་སྐུ་བརྙན་ཞལ་མདངས་མི་འདྲ་བ།།
འགྱུར་བ་ཀུན་གྱིས་མིག་གིས་མཐོང་བ་གསུངས།།
སྤྱིར་ན་ཚེ་སྟོད་དན་ཏིག་སྒྲུབ་ཕུག་ཏུ།།
རབ་བྱུང་བསྒྲུབས་ཤིང་བསྟན་པ་བསླར་གསོ་མཛད།།
ཚེ་སྨད་གནས་མཆོག་དམར་གཙང་བྲག་ཁུང་དུ།།
བསྟན་པ་རྒྱས་ཕྱིར་མཛད་འཕྲིན་བླ་ལྷག་བསྐྲུན།།
ཁོང་གི་སྐུ་ཚེ་གང་གི་མཛད་པ་རྣམས།།
ཞིབ་ཏུ་བརྗོད་བའི་མཐུ་ནུས་མ་བརྙེས་ན།།
ཆུ་ཐིགས་ཙམ་ཞིག་བླངས་ནས་བཀོད་པ་ལ།།
དཔྱོད་ལྡན་རྣམས་ཀྱིས་གཏམ་གླེང་བརྗོད་པར་ཞུ།།
གངས་ཅན་བོད་ལ་བཀའ་དྲིན་རི་རབ་བཞིན།།
ཆེ་བའི་བླ་ཆེན་དགོངས་པ་རབ་གསལ་གྱི།།
མཛད་འཕྲིན་རྟོགས་བརྗོད་རྒྱུན་འཛིན་དར་རྒྱས་ཕྱིར།།
ཅི་ནུས་བཀོད་པས་བསམ་དོན་འགྲུབ་པར་ཤོག།
ཅེས་གཅོད་པ་དོན་གྲུབ་ཀྱིས2018ལོའི་ཟླ9པའི་ཚེས8ཉིན་ལ་གནའ་མཁར་ཟི་ལིང་ནས་སྦྱར་བ་དགེའོ།།