ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > ཚ་ཤོས།

བདེ་ཆེན་པཎྜི་ཏ་ངག་དབང་འཇམ་དབྱངས་དཔལ་ལྡན་མཆོག་གི་རྣམ་ཐར་མདོར་བསྡུས།

སྤེལ་དུས 2021-11-23 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
         ༧ བདེ་ཆེན་པཎྜི་ཏ་ངག་དབང་འཇམ་དབྱངས་དཔལ་ལྡན་མཆོག་ནི། བོད་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་སྟེ་སྤྱི་ལོ་(1712)ལ་མགར་རྩེ་བོ་ཝི་ཏིའི་ནང་ཚན་བདེ་ཆེན་འབྲོག་རུ་ལས་ཆད་པའི་སྟག་རིང་ཁེ་བོ་ཚང་ནས་འཁྲུངས་ཤིང་། ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱི་བག་ཆགས་སད་ཅིང་། དངོས་ཉམས་དང་རྨི་ལམ་ཚུན་ལ་དཔལ་ལྡན་ལྷ་མོའི་ཞལ་ཡང་ཡང་གཟིགས་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་རང་ཆས་སུ་མངའ་ལ་མཁྱེན་དཔྱོད་ཀྱི་རིག་པ་གཞན་ལས་ལྷག །དགུང་ལོ་ལྔའི་སྟེང་བདེ་ཆེན་དཔོན་སློབ་ཀུན་དགའ་ཆོས་འཕེལ་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་གནང་སྟེ་གདན་སར་འཁོད། དཔོན་སློབ་ནོར་བུ་རྒྱ་མཚོ་ལས་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་ཀྱི་རིམ་པ་སོགས་ཚགས་སུ་ཆུད་པར་སྦྱངས། དུས་དེར་གདན་ས་སྤོ་བཞེངས་སོགས་ཧ་ཅང་བྲེལ་ཟིང་ཆེ་བའི་སྐབས་དང་ཁེལ་སྟབས་དཔོན་སློབ་པ་ཁོང་གི་ཞལ་བཀོད་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་འཇམ་དབྱངས་ངག་དབང་དཔལ་ལྡན་རྒྱ་མཚོ་ཡོངས་འཛིན་དུ་གདན་དྲངས། དཔོན་སློབ་པ་དང་ཁོང་རྣམ་པ་གཉིས་ལས་རབ་ཏུ་བྱུང་སྟེ་ངག་དབང་འཇམ་དབྱངས་དཔལ་ལྡན་ཞེས་མཚན་གསོལ། ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་གཞི་ལེགས་པར་བཟུང་སྟེ་སློབ་གཉེར་གྱི་འགོ་ཚུགས། དེ་ནས་ཡོངས་འཛིན་རིན་པོ་ཆེ་སྤྱི་བོའི་རྒྱན་དུ་བཀུར་ཏེ་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག་དང་རྩིས་ས་རིས་སོགས་ཐུན་མོང་གི་རིག་གནས་དང་། བསྡུས་གྲྭ་བློ་རྟགས་སོགས་རྣམ་འགྲེལ་གྱི་སྐོར་དང་གྲུབ་དོན་ས་གསུམ་སོགས་གཞུང་སྤྱིའི་སྔོན་འགྲོའི་རིམ་པ་རྣམས་ཚགས་སུ་ཆུད་པར་བྱས། དེ་ནས་རོང་བོ་གྲྭ་ཚང་ཐོས་བསམ་གླིང་གི་ཚོགས་སུ་ཞུགས་ནས་ཡབ་རྗེ་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ་སོགས་དམ་པ་དུ་མའི་ཞབས་པད་ཚུལ་བཞིན་དུ་བསྟེན་ཏེ་གཞུང་བཀའ་པོད་ལྔ་སོགས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱངས་མཐར་ཕྱིན་པ་གནང་སྟེ་མཁས་པའི་གྲགས་པ་རྒྱས། སྐབས་དེར་མཁན་ཆེན་རིན་པོ་ཆེའི་སློབ་མ་ཐམས་ཅད་ཀྱི་ཁྲོད་ན་འདི་བ་དང་ཀུན་མཁྱེན་འཇིགས་མེད་དབང་བོ་གཉིས་སྤྱན་གཡས་གཡོན་དུ་བརྩི་བར་རོང་བོའི་གདན་རབས་སོགས་ལས་འབྱུང་། དེ་ནས་རྒྱལ་བོ་ཝང་ཚང་གིས་དབུས་ནས་བླ་སྨན་ཐབས་མཁས་པ་གདན་དྲངས་པ་ལས་གསོ་རིག་རྒྱུད་བཞི་ཆ་ལག་དང་བཅས་པ་ཡོངས་རྫོགས་གསན་ནས་རེབ་གོང་དང་བླ་བྲང་ཕྱོགས་སུ་སྤེལ། ལྷག་པར་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསོ་རིག་གཞན་ཕན་གླིང་གསར་འདེབས་གནང་སྐབས་གཙང་སྨན་ཡེ་ཤེས་བཟང་པོ་དང་ཁོང་རྣམ་པ་གཉིས་ཀྱིས་རྡོ་རྗེ་རབ་འབྱམས་པ་སོགས་ལ་འདོད་མོས་ལྟར་རིག་གནས་སྤྱི་དང་ཁྱད་པར་གསོ་རིག་སྐོར་གྱི་ཁྲིད་ལུང་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ། དེ་ནས་རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་ཏེ་སྤྱི་ལོ་(1761)ལོར་མཁན་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་འདོད་དགུའི་འབྱུང་གནས་དཔག་བསམ་ལྗོན་ཤིང་བརྩམས། རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་སྟེ་སྤྱི་ལོ་(1780)ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་མཆོག་གིས་༧དགའ་ལྡན་བསྟན་པའི་གསལ་བྱེད་བདེ་ཆེན་པཎྜི་ཏ་ཨེར་ཏི་ནི་ནོ་མོན་ཧན་ཞེས་པའི་ལས་ཐོབ་དང་ཆོ་ལོ་གནང་བ་ད་ལྟའང་མཇལ་དུ་ཡོད། སྐབས་དེར་རེབ་གོང་ཕྱོགས་འདིར་ལྔ་རིག་སྨྲ་བའི་འདུལ་འཛིན་མང་དུ་བྱོན་པའང་འདི་བའི་འཕྲིན་ལས་ཡིན་པར་རོང་བོའི་གདན་རབས་སོགས་ལས་གསུངས།གཞན་ཡང་སངས་རྒྱས་ཀྱི་བསྟན་པའི་རྒྱུན་ལ་དགོངས་ཏེ་གཅུང་ཚུལ་ཁྲིམས་རྒྱ་མཚོའི་ཡང་སྤྲུལ་དང་ཁོང་རྣམ་གཉིས་ནས་བདེ་ཆེན་བཀྲ་ཤིས་ཆོས་གླིང་གི་བཅའ་ཡིག་གཏན་འབེབས་གནང་སྟེ་རང་དགོན་གྱི་དགེ་འདུན་རྒན་གཞོན་ཐམས་ཅད་ཀྱི་སྒོ་གསུམ་དགེ་ལ་སྦྱོར་ཞིང་བསགས་སྦྱང་ལ་གཞོལ་བར་མཛད། ཁོང་གི་གསུང་རྩོམ་གྱི་སྐོར་ལ་མཁན་ཆེན་རྣམ་ཐར་དང་སྐྱབས་འགྲོའི་རྣམ་བཤད་སུམ་རྟགས་དག་གསུམ་སྒྲ་སྙན་ངག་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསུང་རྩོམ་མང་བར་བཤད་ཀྱང་ད་ལྟ་པོད་གསུམ་ཙམ་ལས་གཞན་དག་རིག་གསར་སྐབས་ཀྱི་ཞུགས་ཀྱི་ཁ་ཟས་སུ་གྱུར་བས་ཤིན་ཏུ་ཕངས་བའི་གནས་སོ། །མདོར་ན་ཁོང་གི་སྐུ་ཚེ་གང་བོར་འཁོར་ལོ་གསུམ་དང་ཆོས་སྤྱོད་བཅུ་ཡིས་དུས་འདའ་ཞིང་བསྟན་པ་དང་འགྲོ་བའི་དོན་ལ་མཛད་རྗེས་བཞག་དང་འཇོག་མུས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་སྟག་སྟེ་སྤྱི་ལོ་(1782)ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ། ། ། །
རྩོམ་སྒྲིག་པ། སངས་སྐྱབས།